ལྟ་བཤལ་གྱི་འཐུས་དང་བསྟུན་པའི་ ཞབས་ཏོག་མཁོ་སྤྲོད་འབད་དགོ།

༉ ད་རིས་ལས་འགོ་བཙུགས་ ཉིན་གྲངས་༥༠ ལས་ འབྲུག་གིས་ ལྟ་བཤལཔ་ཚུ་གི་དོན་ལུ་ རྒྱལ་ཁབ་ཀྱི་ འཛུལ་སྒོ་དང་ རྒྱལ་སྤྱིའི་ས་མཚམས་ཚུ་ སྒོ་ཕྱེ་ནི་ཨིན་པས།

དེ་འབདཝ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ ལྟ་བཤལ་ལོག་འགོ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབདཝ་དང་འབྲེལ་ ལྟ་བཤལ་གྱི་ ཞབས་ཏོག་བྱིན་མི་ཚུ་ གྲ་སྒྲིག་ཡོད་མེད་ བརྟག་ཞིབ་ཐོག་ བདེན་སྦྱོར་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཟ་ཁང་དང་ ལྟ་བཤལ་ལག་ལེན་པ་ཚུ་གིས་ བདེན་སྦྱོར་གྱི་དོན་ལུ་ ཚོགས་སྡེའི་ཡོངས་འབྲེལ་འཆར་སྒོ་ནང་ལས་ འབྲི་ཤོག་ཕབ་ལེན་འབད་ནིའི་ དུས་ཚོད་མཇུག་ ད་རིས་ཨིན་མས།

ཚོགས་སྡེ་གིས་ ཁྲོམ་སྡེ་ཚུ་ནང་ ལྟ་བཤལཔ་ཚུ་སྡོད་ནིའི་ གནས་ཚད་དང་ལྡན་པའི་ ཟ་ཁང་ཚུ་ གྲ་སྒྲིག་ཡོད་མེད་ཀྱི་ དབྱེ་ཞིབ་འབད་མི་དང་ གྲོང་གསེབ་ཚུ་ནང་ མགྱོན་ཁྱིམ་ག་དེམ་ཅིག་ཡོདཔ་ཨིན་ན་ གནས་སྡུད་ཐོབ་མ་ཚུགས་རུང་ གཞི་རྟེན་མཐུན་རྐྱེན་ཚུ་ གནས་ཚད་དང་ལྡནམ་ཡོད་མེད་ སྔ་གོང་ལས་ཤེས་དགོཔ་དེ་གལ་ཆེ།

ག་འཆརཔ་ཟེར་བ་ཅིན་ སྤྱི་ཚོགས་ཀྱིས་ འབྲུག་གི་ལྟ་བཤལ་གྱི་ཁྲལ་བསྡུ་བླང་དཔྱད་ཡིག་༢༠༢༢ ཅན་མ་ ཆ་འཇོག་གྲུབ་གནངམ་དང་འབྲེལ་ ལྟ་བཤལཔ་རེ་གིས་ སྡོད་ཞག་རེ་ལུ་ ལྟ་བཤལ་ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ རེ་སྤྲོད་དགོཔ་བཟོ་ཡོདཔ་ལས་ འཐུས་དང་བསྟུན་པའི་ སྤུས་ཚད་ཅན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་དགོ་མི་ལུ་བརྟེན་ཨིན།

དེ་བཟུམ་སྦེ་ ལྟ་བཤལ་ལག་ལེན་པའི་ ཆོག་ཐམ་འཆང་མི་ཚུ་དང་ ལྟ་བཤལ་ལམ་སྟོན་པ་ཚུ་ཡང་ ཁྱད་ཚད་དང་ལྡནམ་ཡོད་མེད་ བརྟག་ཞིབ་འབད་དགོཔ་མ་ཚད་ རྐང་སྟོང་སྦེ་ ལ་བཤལ་དང་ གནས་རྩ་ཅན་གྱི་ ས་ཁོངས་ཚུ་ནང་ འགྱོ་མི་ཚུ་གི་དོན་ལུ་ རྐང་ལམ་ཚུ་ ལེགས་བཅོས་འབད་དགོ་པའི་ཁར་ ལམ་བདའ་སྟེ་ ཆུ་དང་གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་ཡང་ གཞི་བཙུགས་འབད་དགོ།

འབྲུག་རྒྱལ་ཁབ་ནང་ ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཆེ་ཤོས་ར་ སྤ་རོ་སྟག་ཚང་དང་ ཇོ་མོ་ལྷ་རི་བཟུམ་མའི་ ས་གོ་ཚུ་ནང་ ལ་བཤལ་འགྱོ་ནི་དེ་ཨིན།

འདི་འབདཝ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ བདེ་སྲུངཔ་༤༣༣ གྱིས་ འདས་པའི་བདུན་ཕྲག་ནང་ལས་ སྟག་ཚང་ལུ་འགྱོ་སའི་ ལམ་ལེགས་བཅོས་དང་ རྒྱ་སྐྱེད་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ ལམ་བདའ་སྟེ་ ཆུའི་མཐུན་རྐྱེན་དང་ ངལ་འཚོ་ས་བཟོཝ་ཨིན་པས།

དེ་བཟུམ་སྦེ་ ལ་བཤལ་འགྱོ་མི་ཚུ་གི་ རྐང་ལམ་ཚུ་ཡང་ ལེགས་བཅོས་འབད་དགོཔ་མ་ཚད་ ལམ་བདའ་སྟེ་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་བསྒྱོམ་འབད་ཐོག་ལས་ མཐའ་འཁོར་གནས་སྟངས་ མཛེས་ཆ་དང་ལྡནམ་སྦེ་ བལྟ་ཚུགསཔ་བཟོ་དགོ།

 སྤྱི་ཟླ་༩ པའི་ཚེས་༢༣ ལུ་ རྒྱལ་ཁབ་ནང་ ལྟ་བཤལ་གྱི་ སྒོ་ཕྱེ་བའི་བསྒང་ལས་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་ གྲ་སྒྲིག་འགྱོ་ནི་དང་ ལྟ་བཤལཔ་ཚུ་ཡང་ སྡོད་ཞག་རེ་ལུ་ འཐུས་ཡུ་ཨེསི་ཌོ་ལར་༢༠༠ རེ་སྤྲོདཔ་ད་ སེམས་ཕམ་འབྱུང་ནི་མེདཔ་བཟོ་དགོ།

གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ ལེགས་ཤོམ་ཡོད་པ་ཅིན་ ལྟ་བཤལཔ་ཚུ་འབད་རུང་ རྒྱལ་ཁབ་ནང་ལས་ ལོག་འགྱོཝ་ད་ དཔའ་ཉམས་དང་ ཡིད་ཆེས་ངལ་རངས་སྦོམ་འབྱུང་འོང་།

དེ་འབདཝ་ལས་ རིན་ཐང་ཆེ་བ་དང་ གྱངས་ཁ་ཉུང་བའི་ ལ་བཤལ་སྲིད་བྱུས་ཀྱི་ དམིགས་ཡུལ་ཡང་ འགྲུབ་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *