༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ལྗགས་ལུང་ ཞུ་མི་ཚུ་གི་དོན་ལུ་ གློ་འཁོར་གྱི་ཞབས་ཏོག་ རིན་མེད་སྟོང་པར་སྦེ་ བྱིན་དོ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༧ ལས་འགོ་བཙུགས་མི་ ཞབས་ཏོག་དེ་ ནངས་པར་ཚུན་བྱིན་ནི་ཨིན་པས།
ཞབས་ཏོག་དེ་ འབྲུག་གླ་འཁོར་ཚོགས་པ་དང་ ཁྲིམས་སྲུང་འགག་སྡེ་གིས་ མཉམ་རུབ་ཐོག་ལས་ བྱིན་དོ་ཡོདཔ་ཨིན་པས།
ཚོགས་པའི་ཁྲི་འཛིན་ རིག་འཛིན་ཆོས་འཕེལ་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ ཞབས་ཏོག་འགོ་བཙུགས་མི་དེ་ གླ་འཁོར་སྡེ་གཡོགཔ་ཚུ་ ཨ་རྟག་ར་ ཁོང་རའི་ལཱ་ལུ་ བརྩོན་དགོཔ་ཐོན་ནི་དེ་གིས་ དམིགས་བསལ་དུ་ ལྗགས་ལུང་ཞུ་བར་ མི་ལྷོད་དོ་ཡོདཔ་ལས་ ལུང་ཞུ་མི་ཚུ་ལུ་ གླ་འཁོར་གྱི་ཞབས་ཏོག་ ཕུལ་མི་དེ་གིས་ དེད་གཡོགཔ་ཚུ་ཡང་ ཕན་ཡོན་འབྱུང་འོང་མནོ་སྟེ་ ཨིན་ཟེར་ཨིན་པས།
ཞབས་ཏོག་དེ་ བདེ་ཆོས་གླིང་དང་ མུ་ཏིག་ཐང་ འཇིགས་མེད་རྣམ་རྒྱལ་སླབ་གྲྭའི་ཉེ་འདབས་ ཐིམ་ཁྲོམ་གྱི་ འགྲུལ་འཁོར་བཱསི་བཞག་སའི་ས་ཁོངས་ ལྕང་ཟམ་ཏོག་ ལྕང་སྒང་ཁ་ བར་པའི་ས་ དེ་ལས་ ལྕང་ཇི་ཇི་ལས་ ཐོབ་ཚུགས་དོ་ཡོདཔ་ད་ དེ་ཡང་ མི་ཚུ་ལྗགས་ལུང་གནང་སར་ སྐྱེལ་དོ་ཡོདཔ་མ་ཚད་ དེ་ཁར་ལས་ འོང་མི་ཡོད་པ་ཅིན་ གོང་འཁོད་ས་ཁོངས་ཚུ་ནང་ཡང་ ལོག་སྐྱེལ་དོ་ཡོདཔ་ཨིན་པས།
ཆོས་སྒོར་ཞུགས་མི་ཚུ་གིས་འབད་བ་ཅིན་ ལྗགས་ལུང་ནང་ བཅའ་མར་གཏོགས་མ་ཚུགས་རུང་ དེ་བཟུམ་གྱི་ཞབས་ཏོག་བྱིན་པ་ཅིན་ ཕན་ཡོན་སྦོམ་ཡོད་ཟེར་ སླབ་ཨིན་པས།
རྒྱལ་བའི་བཀའ་འགྱུར་ནང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་མི་ ཆོས་ཀྱི་ཕུང་པོ་༨༤,༠༠༠ ག་ར་ ཚངམ་སྦེ་ཡོདཔ་ལས་ བཀའ་འགྱུར་གྱི་ ལུང་ཐོབ་པ་ཅིན་ ཆོས་ཀྱི་ཕུང་པོ་༨༤,༠༠༠ ཡོངས་རྫོགས་ཀྱི་ལུང་ ཐོབ་དོ་བཟུམ་ཅིག་ཨིན་པས།
རྒྱལ་བའི་བཀའ་འགྱུར་ལྗགས་ལུང་ འགོ་འདྲེན་ཚོགས་ཆུང་གི་དྲུང་ཆེན་ མཁན་པོ་ སངས་རྒྱས་ཆོས་གྲགས་ཀྱིས་འབད་བ་ཅིན་ རྒྱལ་བའི་བཀའ་དེ་ སྟོན་པ་སྐུ་མྱ་ངན་ལས་འདས་པའི་ ཤུལ་ལས་རྐྱངམ་གཅིག་ བོད་སྐད་ལུ་ བསྒྱུར་ནུག་ཟེར་ཨིན་པས།
རིན་མེད་སྟོང་པར་སྦེ་ ཞབས་ཏོག་བྱིན་མི་ གླ་འཁོར་ཚུ།
དེ་ཡང་ སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ ལོ་དེའི་ཤུལ་ལས་ བཀའ་བསྡུ་དང་པ་ འཚོགས་པའི་སྐབས་ དགྲ་བཅོམ་པ་༥༠༠ དེ་ཅིག་ འཛོམས་ཐོག་ལས་ སངས་རྒྱས་ཀྱི་ཆོས་དེ་ དགྲ་བཅོམ་པ་ཚུ་གི་ མི་བརྗེད་པའི་གཟུངས་ཀྱི་ཐོག་ལུ་ ཐུགས་ཁར་བཙུགས་ བཞག་ནུག་ཟེར་ཨིན་པས།
དེ་ལས་ སྟོན་པ་མྱ་ངན་ལས་འདས་ཏེ་ ལོ་༡༡༠ གྱི་ཤུལ་ལས་ བཀའ་བསྡུ་༢ པ་འཚོགས་པའི་སྐབས་ཡང་ རྒྱལ་བའི་བཀའ་དེ་ དགྲ་བཅོམ་པ་༧༠༠ ལྷགཔ་ཅིག་གིས་ མི་བརྗོད་པའི་གཟུངས་ཀྱི་ཐོག་ལུ་ར་ བཞག་ཡོདཔ་ཨིན་པས།
དེའི་ཤུལ་ལས་ ཁ་ཆེ་མེ་ཏོག་བརྩེགས་པའི་ ཀུན་དགའ་ར་ཝ་ལུ་ རྒྱལ་པོ་ཀནིཥྐས་གིས་ སྦྱིན་བདག་མཛད་ཐོག་ལས་ བཀའ་བསྡུ་༣ པ་ འཚོགས་པའི་སྐབས་རྐྱངམ་གཅིག་ ཡིག་ཐོག་ལུ་ཕབ་ཡོདཔ་ད་ དེ་བསྒང་ རྒྱལ་བའི་བཀའ་དེ་ རྒྱ་གར་ལུ་ སྐད་རིགས་བཞི་ལ་སོགས་པ་ཚུ་ལས་ མང་ཆེ་བ་ ལེགས་སྦྱར་ལྷའི་སྐད་དང་ པཱ་ལི་ཚུ་ནང་ཡོད་པའི་ ལོ་རྒྱུས་འདུག་ཟེར་ མཁན་པོ་གིས་བཤད་ཅི།
མཁན་པོ་གིས་འབད་བ་ཅིན་ ད་རེས་ བཀའ་འགྱུར་གྱི་ ལྗགས་ལུང་ཞུ་བའི་ཕན་ཡོན་དེ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ བཀའ་དང་པོ་ བདེན་པ་༤ གི་ ཆོས་འཁོར་བསྐོར་གནང་བའི་སྐབས་ འཁོར་ལྔ་སྡེ་བཟང་པོ་ དགྲ་བཅོམ་པའི་ གོ་འཕང་ཐོབ་ཡོདཔ་མ་ཚད་ ལྷའི་བུ་༨༠,༠༠༠ ཀྱིས་ ཆོས་ཉིད་ཀྱི་བདེན་པ་མཐོང་ཡོདཔ་ཨིན་པས།
དེ་ལས་ བཀའ་བར་པ་ མཚན་ཉིད་མེད་པའི་ཆོས་འཁོར་ བསྐོར་བའི་སྐབས་ སེམས་ཅན་གྱི་རྒྱུད་ལུ་ བྱམས་པ་དང་སྙིང་རྗེ་བསྐྱེད་དེ་ སངས་རྒྱས་ཀྱི་གོ་འཕང་ཐོབ་དོ་བཟུམ་སྦེ་ བཀའ་མཐའ་མ་ ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ བསྐོར་གནང་པའི་སྐབས་ དཔེ་འབད་བ་ཅིན་ ཨྱོན་གྱི་ཡུལ་ལུ་ སངས་རྒྱས་ཀྱིས་ ཆོས་གསང་བ་བསྡུ་པ་ལ་སོགས་པ་ གསུངས་པའི་སྐབས་ རྒྱལ་པོ་ཨིནྡྲ་བོ་དྷི་གི་རྒྱུད་ལུ་ རྟོགས་པ་བསྐྱེད་དེ་ མཁའ་སྤྱོད་ཀྱི་ཞིང་ལུ་འགྱོ་དོ་བཟུམ་ ད་རེས་ དེ་ཁར་འཛོམས་མི་ཚུ་གིས་ཡང་ སངས་རྒྱས་ཞིང་ཐོབ་པའི་ གོ་སྐབས་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།