༉ དུས་ཅི་ བཙག་འཐུ་ནང་ལས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེ་ནང་ ཨམ་སྲུ་༩ གིས་ བཙག་འཐུ་ནང་ལས་ རྒྱལ་ཁབ་ཐོབ་ཡོད་རུང་ འབྲུག་པའི་མི་སྡེ་ནང་ ཨམ་སྲུ་ཚུ་གིས་ འགོ་ཁྲིད་པའི་འགན་ཁུར་ འབག་མི་ཚུགས་ཟེར་བའི་ མནོ་ལུགས་དེ་ ཁྱབ་ཆེ་སུ་སྦེ་ར་ འདུག་ཟེར་ཞུ་ནི།
དེ་ཡང་ སྤྱི་ལོ་༢༠༡༨ ལོའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ དོ་འགྲན་འབད་དེ་ བཙག་འཐུ་གྲུབ་མི་དང་ ཕམ་མི་ ཨམ་སྲུ་ མང་ཤོས་ཀྱིས་ དཀའ་ངལ་དེ་ འཕྲལ་ཁམས་ཅིག་ཁར་འགོ་འདྲེན་འཐབ་མི་ བཙག་འཐུའི་སྐབས་ མྱོང་ཡོད་པའི་སྐོར་ལས་ བསམ་བཤད་འབདཝ་ད་ ཤེས་ཚུགས་པས་ཟེར་ཞུ་ནི།
འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ ཚེ་དབང་ལྷ་མོ་གིས་ བོང་མགོ་སྐྱབས་ཆ་འདེམས་ཁོངས་ལས་ བཙག་འཐུ་གྲུབ་ཡོད་རུང་ མོ་གིས་ཡང་ མི་སྡེ་ནང་ ཨམ་སྲུ་དང་ཕོ་སྐྱེས་བར་ན་ ཁྱད་པར་དེ་ ད་ལྟོ་ཡང་ ཕྱེ་ནི་འདུག་ཟེར་ཞུ་ནི།
མོ་གིས་ སྤྱི་ལོ་༢༠༠༨ ལུ་ འགོ་དང་པ་ ཚོགས་སྡེ་ནང་ བཅའ་མར་གཏོགས་ཏེ་ སྤྱི་ལོ་༢༠༡༣ ལུ་ ལོག་དོ་འགྲན་འབད་བའི་སྐབས་ རྒྱབ་སྐྱོར་གྱི་རེ་བ་སྦོམ་ཡོད་རུང་ རེ་བ་དང་བསྟུན་ ཐོབ་མ་ཚུགས་ཟེར་ཞུ་ནི།
མོ་བཟུམ་སྦེ་ པདྨ་དགའ་ཚལ་རྫོང་ཁག་ནང་ སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་༢ པའི་སྐབས་ རྒཔོ་གི་དོན་ལུ་ དོ་འགྲན་འབད་མི་ ལྷ་སྐྱིད་དབང་མོ་གིས་ བཙག་འཐུ་དེ་གི་ཤུལ་ལས་ མོ་གིས་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་པའི་སྐབས་ མི་ཚུ་གིས་ ཨམ་སྲུ་བུཚ་འབད་ནི་དེ་གིས་ བཙག་འཐུ་ནང་ལས་ ཕམ་པའི་ཤུལ་ལུ་ ལོག་དོ་འགྲན་འབད་སར་མཐོངམ་ད་ ཨམ་སྲུ་དེ་གིས་ ད་རུང་ ལས་རིམ་དེ་བཟུམ་མའི་ནང་ཡང་ བཅའ་མར་གཏོགས་ནུག་ཟེར་བའི་ སྐྱོན་བརྗོད་འབད་མི་ཡང་མཐོང་ཡི་ཟེར་ ཞུ་ནི།
སྲིད་དོན་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་གཞན་ཅིག་གིས་ཡང་ བཙག་འཐུ་ནང་ དོ་འགྲན་འབད་བའི་སྐབས་ ཁོ་གིས་ ཨམ་སྲུ་ལུ་ རྒྱབ་སྐྱོར་ཡོད་ཟེར་ སླབ་དོ་ཡོད་རུང་ ངོ་མ་ནང་ རྒྱབ་སྐྱོར་མིན་འདུག་ཟེར་བའི་ བསམ་བཤད་འབད་ཡི་ཟེར་ ཞུ་ནི།
གོང་གི་བསམ་བཤད་ཚུ་ལུ་བལྟ་བ་ཅིན་ འབྲུག་པའི་མི་སྡེ་དེ་ ད་ལྟོ་ཡང་ དང་ཕུ་བཟུམ་སྦེ་ འགོ་ཁྲིད་པའི་འགན་ཁུར་དེ་ ཨམ་སྲུ་ཚུ་གིས་ འབག་མི་ཚུགས་ཟེར་བའི་ མནོ་ལུགས་ཡོད་མི་དེ་ མངོན་གསལ་ཆེཝ་སྦེ་ར་ ཡོདཔ་འོང་ནི་མས་ཟེར་ཞུ་ནི།
སྲིད་དོན་ནང་བཅའ་མར་གཏོགས་མི་ ཨམ་སྲུ་ཚུ་གི་ བསམ་བཤད་ཚུ་ལུ་བལྟ་བ་ཅིན་ འབྲུག་པའི་མི་སྡེ་གིས་ ཕྱི་ཁར་ལས་ རྒྱབ་སྐྱོར་ཡོདཔ་བཟུམ་མའི་ ཚོར་བ་བྱིན་དོ་ཡོད་རུང་ རྒྱབ་སྐྱོར་ངོ་མ་འབད་ནིའི་ཐད་ཁར་ལྷོདཔ་ད་ ཕྱི་འགྱུར་འབད་མི་དེ་ དཔེ་ལེགས་ཤོམ་ཅིག་མི་མཐོང་པས་ཟེར་ཞུ་ནི།
དུས་ཚོད་དང་འཁྲིལཝ་ད་ ཨམ་སྲུ་ཚུ་ལུ་ ཕོ་སྐྱེས་དང་འདྲན་འདྲ་ ལྕོགས་གྲུབ་ཡོདཔ་ལས་ ཨམ་སྲུའི་ལྕོགས་གྲུབ་དང་འཁྲིལ་ རྒྱབ་སྐྱོར་འབད་ནི་མ་གཏོགས་ ཕོ་མོའི་དབང་དུ་བཏང་སྟེ་ རྒྱབ་སྐྱོར་འབད་ནི་དེ་ འགྱུར་བཅོས་འབད་ནིའི་ དུས་ཚོན་ལུ་ མ་ལྷོད་ག་ཟེར་ ཞུ་ནི་ཨིན།
སྐལ་བཟང་།
ཐིམ་ཕུག།