ལྕམ་མཁར་ལུ་ མཐོང་གསལ་བྱུང་མི་ སྤྱང་ཁྱི་ཚུ།

ལྕམ་མཁར་ཁྲོམ་ནང་ སྤྱང་ཁྱིའི་འཇིགས་སྣང་།

༉ བུམ་ཐང་ལྕམ་མཁར་ལུ་ སྒོ་ནོར་སེམས་ཅན་རྐྱངམ་གཅིག་མེན་པར་ སྤྱང་ཁྱི་ཚུ་ ཚད་འཛིན་འབད་མ་ཚུགས་པའི་ དཀའ་ངལ་ཡང་ སྦོམ་ཐོན་ཏེ་འདུག།

རྫོང་ཁག་ནང་ ལོ་བསྟར་བཞིན་དུ་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ཐབས་ལུ་ སྨན་ཁབ་བཙུགས་དོ་ཡོད་པའི་ཁར་ གཤག་བཅོས་འབད་རུང་ སྤྱང་ཁྱིའི་གྱངས་ཁ་དེ་ ལེ་ཤ་མཐོངམ་ཨིན་པས།

ད་རེས་ནངས་པར་ ལྕམ་མཁར་ལུ་ འགྱོ་མི་ཚུ་གིས་ ཉིན་ནུབ་མེད་པར་ སྤྱང་ཁྱི་ཚུ་ སྡེ་ཚན་སྦེ་ མཐོང་པའི་ཁར་ མི་ལུ་ཡང་ སོ་བཏབ་ནིའི་ ཉེན་ཁ་སྦོམ་འདུག།

ཚོང་པ་པདྨ་བཟང་མོ་གིས་ སླབ་མིའི་ནང་ རོ་ཁྱི་ཚུ་གིས་ ཁྲོམ་ཁར་འོང་མི་ཚུ་ལུ་ སོ་བཏབ་པར་འགྱོ་བའི་ཁར་ དེ་གི་ནང་ལས་  གོ་ལ་ར་རྡུག་གྱོན་མི་ཚུ་མཐོངམ་ད་ ཧེང་སྐལ་ར་ ཁ་རུབ་རྐྱབ་སྟེ་ སོ་བཏབ་པར་ འགྱོཝ་མས་ཟེར་ཨིན་པས།

རྫོང་ཁག་སྒོ་ནོར་འགོ་དཔོན་ འཇམ་དབྱངས་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ག་རའི་ནང་ཡོད་དོ་བཟུམ་སྦེ་ ལྕམ་མཁར་ཁྲོམ་ཁར་ཡང་ རོ་ཁྱིའི་དཀའ་ངལ་ཡོད་རུང་ ཚབས་ཆེན་སྦེ་ར་ མེད་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ རྫོང་ཁག་ནང་ སྤྱི་ལོ་༢༠༡༠ ཚུན་ རྫོང་ཁག་གཞན་ཁར་ཡོད་དོ་བཟུམ་སྦེ་ རོ་ཁྱི་བཞག་སའི་ ས་ཁོངས་བཟོ་ཡོད་རུང་ ད་རེས་མེད་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ རྫོང་ཁག་གིས་ ལོ་བསྟར་བཞིན་དུ་ གཤག་བཅོས་དང་ སྨན་ཁབ་བཙུགས་ནིའི་ ལས་རིམ་ཐེངས་༢ རེ་ འགོ་འདྲེན་འཐབ་དོ་ཡོད་རུང་ མི་མང་ལས་ རྒྱབ་སྐྱོར་དེ་ཅིག་ མི་ཐོབ་པས་ཟེར་ཨིན་པས།

ད་ལྟོ་ རོ་ཁྱི་ཚུ་ ཕྱུག་གུ་འཚའ་ནིའི་ དུས་ཚོད་ཨིནམ་ལས་ སྤྱི་ཟླ་༡༢ པའི་ནང་ལས་ ད་རུང་ སྨན་ཁབ་དང་ གཤག་བཅོས་ཀྱི་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ ཁོ་གིས་བཤད་ཅི།

ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༠ ཚུན་ ཕོམ་རོང་ལུ་ རོ་ཁྱི་བཞག་ས་ཡོད་པའི་སྐབས་ རོ་ཁྱིའི་དཀའ་ངལ་དེ་ཅིག་ འཐོན་ནི་མེད་ཟེར་ཨིནམ་ད་ རོ་ཁྱི་ལྟ་མི་ ཡོངས་གྲགས་ལུ་ ཏར་ཟཱན་ཟེར་མི་ཡང་ ཤི་བའི་ཤུལ་ལས་ རོ་ཁྱི་ཚུ་ག་ར་ ཕྱི་ཁར་བཏང་ནུག་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ སྨན་ཁབ་དང་ གཤག་བཅོས་འགོ་བཙུགས་པའི་སྐབས་ ཁྲོམ་ཁར་ ཚོང་པ་རེ་གིས་ རོ་ཁྱི་རེ་བཟུང་དགོཔ་སྦེ་ བཟོ་ཡོད་རུང་ མི་ཚུ་གིས་ ཉེས་བྱ་ཕོག་ནི་ལས་འདྲོག་སྟེ་ ཧེ་མ་ལས་ སྨན་ཁབ་བཙུགས་མི་དང་ གཤག་བཅོས་འབད་ཚར་མི་ རོ་ཁྱི་དེ་ར་བཟུང་སྟེ་ སྨན་པ་ཚུ་འབད་སར་ བསྐྱལ་ནི་ཡོད་ཟེར་ཨིན་པས།

ཁྲོམ་ཁའི་ཚོང་པ་གཞན་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་གིས་ སྨན་ཁབ་དང་ གཤག་བཅོས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་འབད་རུང་ རོ་ཁྱིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་ནི་འདུག་ཟེར་ཨིནམ་ད་ སྤྱང་ཁྱི་ཚུ་གིས་ དམིགས་བསལ་དུ་ དྲོ་པ་སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ སོ་བཏབ་པར་འགྱོ་མི་དེ་ གདོང་ལེན་འབད་དགོཔ་འདུག་ཟེར་ཨིན་པས།

ལྟ་བཤལཔ་ཚུ་གིས་ དྲོ་པ་ལས་ ཁྲོམ་གྱི་མཐོང་སྣང་བལྟ་བར་ འགྱོ་བའི་སྐབས་ རོ་ཁྱི་ཚུ་གིས་ ཁོང་ལུ་ཡང་ སོ་བཏབ་པར་འགྱོ་དོ་ཡོདཔ་ལས་ རོ་ཁྱིའི་གྱངས་ཁ་དེ་ ངེས་པར་དུ་ མར་ཕབ་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲིས་བསྟན་འཛིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *