ལྕང་སྡེཔ་སི་ལུ་ མི་ངོ་༦ གི་ ས་ཚན་ཚུ་ གཞུང་བཞེས་གཏང་དགོ་པའི་གྲོས་འདེབས།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དུས་ཡུན་ཟླ་ངོ་༥ དེ་ཅིག་གི་རིང་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ ཐིམ་ཕུག་ལྕང་རྒེད་འོག་ སྡེཔ་སི་ལུ་ མི་ངོ་༦ གིས་ རྩ་ཕན་༣ པ་ལས་ ས་ཆ་ཨེ་ཀར་༡.༣༣ ལྷགཔ་ཅིག་ ཉོ་ཡོད་མི་ཚུ་ གཞུང་ས་ཨིན་པའི་ སྒྲུབ་བྱེད་ཚུ་ ཐོབ་ཡོདཔ་ཨིན་པས།

གཞུང་ས་ཚུལ་མིན་ཐོག་ལས་ ཉོ་བཙོང་འཐབ་པའི་ ཤེས་རྟོགས་མེད་མི་ མི་ངོ་༦ གིས་ རྩ་ཕན་གསུམ་པའི་ མི་ངོ་༢ ལས་ ས་ཆ་ཌིསི་༠.༡༣༥ ལས་༠.༤༤༥ ཚུན་ ཉོ་ཡོདཔ་ད་ ཉོ་བཙོང་དེ་ཡང་ སྤྱི་ལོ་༢༠༠༥ དང་༢༠༡༡ གི་བར་ན་ འབད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ས་ཚན་ཁག་༦ མི་ངོ་སོ་སོའི་ཁྲམ་ནང་ཡོད་མི་ཚུ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཁྲིམས་གཏུགས་ཀྱི་ བྱ་རིམ་མཇུག་མ་བསྡུ་ཚུན་ཚོད་ ཉོ་བཙོང་དང་ བཟོ་སྐྲུན་གྱི་རིགས་ ག་ཅི་ཡང་ འབད་མ་ཆོག་པའི་ བཀག་འཛིན་གྱི་ གསལ་བསྒྲགས་འབད་ནུག།
ད་ལྟོ་ སྡེཔ་སི་ལུ་ བཀག་འཛིན་འབད་དེ་ཡོད་པའི་ ས་ཚན་ཅིག་ནང་ སྒེར་གྱི་སློབ་གྲྭ་ཆེ་བ་ཅིག་ རྐྱབ་ཡོད་པའི་ ས་ཁོངས་ཆ་ཤས་ཅིག་ ཚུད་དེ་ཡོདཔ་ཨིན་པས།
ད་ལྟོ་ རྩོད་རྙོགས་ཡོད་མི་ ས་ཚན་ཚུ་ ཉོ་བཙོང་འཐབ་ནི་ལས་ བཀག་འཛིན་འབད་མི་དེ་ཡང་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ སྡེཔ་སི་ལུ་ དགེ་ཆུ་ཟམ་ཏོག་ ཚལ་ནགས་ནང་དུ་ཟེར་མི་ སྤང་ཞིང་ཨེ་ཀར་༡.༣༣ འབད་མི་དེ་ བུམ་ཐང་ལས་ཨིན་མི་ ཨམ་ཆོས་སྒྲོན་ཟེར་མིའི་ཁྲམ་ནང་ ཐིམ་ཕུག་རྫོང་ཁག་གི་ ས་ཁྲམ་འགོ་དཔོན་བགྲེསཔ་གིས་ ཚུལ་མིན་གཡོ་སྒྱུ་ཐོག་ལས་ བཀོད་པའི་ཤུལ་ལས་ སྤྱི་ལོ་༢༠༠༠ ལུ་ ཚུལ་མིན་འཐབ་མི་དེ་གིས་ ཆོས་སྒྲོན་གྱི་ ཚ་བོ་དང་ ཚམོ་ཨིན་ཟེར་ ནང་འཁོད་གན་འཛིན་ཅིག་བཟོ་སྟེ་ ས་ཆ་ཌིསི་༦༧ དང་༦༦ སྐལ་བ་བགོ་བཤའ་སྦེ་ སྤྲོད་ཡོད་པའི་ མངོན་གསལ་བྱུང་ནུག།
ཤུལ་ལས་ ས་ཚན་གཉིས་ཆ་ར་ རྩ་ཕན་གསུམ་པ་ལུ་ བཙོང་ཡོད་མི་དེ་ཡང་ ཚམོ་བསོད་ནམས་སྐྱིད་པའི་ མིང་ཐོ་ལུ་ ས་ཆ་ཌིསི་༦༦ འབད་མི་དེ་ སྤྱི་ལོ་༢༠༠༨ ཟླ་༢ པའི་ཚེས་༡༨ ལུ་ ལུང་བསྟན་སྒྲོལ་མ་ལུ་ བཙོང་པའི་ཤུལ་ལུ་ མོ་གིས་ མི་ངོ་བཀྲིས་དབང་ཕྱུག་ལུ་ ས་ཌིསི་༡༤ དང་ བཀྲིས་ཆོས་འཛོམས་དང་ བསོད་ནམས་གཡང་འཛོམས་༢ ལུ་ ཌིསི་༡༣ རེ་ དེ་ལས་ ཀརྨ་ཆོས་སྐྱིད་ལུ་ ས་ཌིསི་༢༦ བཙོང་ཡོདཔ་ཨིན་པས།
དེ་ལས་ ཚ་བོ་སྦེ་ གསལ་བཀོད་འབད་མི་ ཚེ་འདས་ལས་སྐྱིད་ཚེ་རིང་གི་ མིང་ཐོ་ལུ་ ས་ཌིསི་༦༧ འབད་མི་དེ་ སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༩ ལུ་ གསལ་སྒྲོན་ཟེར་མི་ལུ་ བཙོང་པའི་ཤུལ་ལས་ མོ་གིས་ཡང་ སྤྱི་ལོ་༢༠༡༡ ལུ་ མི་ངོ་སངས་རྒྱས་འོད་འཛིན་རྡོ་རྗེ་ལུ་ ས་ཌིསི་༢༤ དང་ ཌོག་ཊར་ལུང་བསྟན་བཟང་མོ་དབང་ཕྱུག་ལུ་ ཌིསི་༤༣ བཙོང་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ས་ཚན་དེ་ཚུ་ གཞུང་ས་ཚུལ་མིན་བདག་བཟུང་ཐོག་ ཉོ་བཙོང་འཐབ་མི་ལུ་བརྟེན་ ཉོ་མི་ཚུ་ལས་ ལོག་ལེན་ཏེ་ ཁྲམ་ཆ་མེད་བཏང་ཐོག་ལས་ སའི་བཅའ་ཁྲིམས་༡༩༧༩ ཅན་མའི་ དགོངས་དོན་དང་འཁྲིལ་ རྒྱལ་ཁམས་ཀྱི་ ས་ཆའི་གྲངས་སུ་ བཙུགས་དགོ་པའི་ གྲོས་འདེབས་བཀོད་ནུག།
སའི་བཅའ་ཁྲིམས་ནང་འཁྲིལཝ་ད་ གཞུང་ས་གང་རུང་ ཧམ་འཛུལ་དང་ ཡང་ཅིན་ ཚུལ་མིན་གྱི་ཐོག་ལས་ བདག་བཟུང་ཐོག་ བཟའ་སྤྱོད་དང་ ཡང་ཅིན་ ཉོ་བཙོང་འཐབ་ཡོད་པ་ཅིན་ ཉེས་ལས་འཐབ་མི་ལུ་ ཉེས་བྱ་ཕོགཔ་མ་ཚད་ ས་ཆ་དེ་ཡང་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་པས།
ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་མི་ སྙན་ཞུ་དེ་ནང་ ས་ཆ་ཉོ་མི་དང་ བདག་དབང་གི་ ཁྲམ་འཆང་མི་ཚུ་གིས་ ཧེ་མར་ ས་ཆ་ཉོ་བཙོང་འཐབ་པའི་ རྩོད་དོན་དེ་ བཙོང་མི་དང་ ཉོ་མིའི་བར་ན་ སེལ་ཐབས་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
གལ་སྲིད་ ས་ཉོ་མི་ཚུ་ལས་ གཞུང་ལུ་ སོར་ཆུད་འབད་དགོཔ་ ངེས་བདེན་ཐོན་པ་ཅིན་ ཉོགས་འཛིང་ཡོད་པའི་ ས་ཆ་ནང་ བཟོ་སྐྲུན་རེ་འབད་དེ་ཡོད་པ་ཅིན་ གཞུང་གིས་ ལམ་ལུགས་དང་འཁྲིལ་ བཟོ་སྐྲུན་གྱི་ ཟད་འགྲོ་གནས་མི་ཚུ་ སྤྲོད་དགོཔ་ཨིན་པས།
ལྷན་ཚོགས་ཀྱིས་ གཞུང་ས་ཨེ་ཀར་༡.༣༣ ཧམ་འཛུལ་དང་ ཚུལ་མིན་གྱི་སྒོ་ལས་ ཁྲམ་སྤོ་སོར་འབད་བའི་ ཁ་ཉེས་ཕོག་མི་ ས་ཁྲམ་འགོ་དཔོན་བགྲེསཔ་ བསོད་ནམས་ནོར་བུ་དང་ སྤྱི་ལོ་༢༠༠༠ ལུ་ ས་ཁྲམ་གསར་བཟོའི་ ས་འཇལ་སྐབས་ ས་འཇལ་འགོ་འཛིན་བགྲེསཔ་ པདྨ་དབང་འདུས་གཉིས་ ཁྲིམས་སར་བསྐྱལ་ཏེ་ ཉེས་བཤེར་འབད་དགོ་པའི་ གྲོས་འདེབས་ཡང་བཀོད་ནུག།
ས་ཁྲམ་དེ་ ཆོས་སྒྲོན་གྱི་ མིང་ཐོ་ཁར་ གསལ་བཀོད་འབད་དེ་ཡོདཔ་མ་གཏོགས་ ངོ་མ་འབད་བ་ཅིན་ མོ་གི་མིང་ཐོ་ལུ་ ས་ཆ་མེདཔ་ཨིན་པས།
ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཁ་ཉེས་ཕོག་མི་གིས་ ས་ཆ་མེད་པའི་ ཆོས་སྒྲོན་གྱི་ ཁྲམ་ནང་ལས་ ཚུལ་མིན་གྱི་སྒོ་ལས་ ཁྲམ་སྤོ་སོར་འབད་བ་གིས་མ་ཚད་ ཁོང་རའི་གདམ་ཁ་དང་འཁྲིལ་ སྡེཔ་སི་ལུ་ གཞུང་ས་སྟོངམ་ནང་ ཁྲིམས་འགལ་ཐོག་ ས་ཆ་འཇལ་ཏེ་ ཁྲམ་བཀོད་ནུག་ཟེར་ཨིན་པས།
ཁོང་གིས་ འགོ་ཐོག་སྐབས་ ཐིམ་ཕུག་རྟ་མགྲིན་གནས་ཀྱི་ ཉེ་འདབས་ལུ་ གཞུང་ས་འཇལ་ནི་གི་ དཔའ་བཅམ་ཡོད་རུང་ དེ་ནང་ སའི་ཇོ་བདག་ཨིན་ཟེར་སླབ་མི་ མཁའ་འགྲོ་དབང་མོ་གིས་ ངོས་ལེན་འབད་མ་བཏུབ་པས་ཟེར་ཨིན་པས།
ཤུལ་ལས་ ས་ཁོངས་སྤོ་སོར་ཐོག་ སྡེཔ་སི་ལུ་ ཝང་ཆུའི་ཉེ་འདབས་ལུ་ ཟམ་ཅིག་ཡོད་ས་ལས་ གཞུང་གི་རྩྭ་འབྲོག་འཇལ་ཏེ་ ཁྲམ་བཀོད་ཚུགས་མི་དེ་ཡང་ ས་འཇལ་པ་ པདྨ་དབང་འདུས་ཀྱིས་ ཆ་རོགས་འབད་ནི་དེ་གིས་ཨིནམ་སྦེ་ ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་མི་ སྙན་ཞུའི་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *