༉ ད་རེས་ནངས་པར་ སོ་ནམ་ཞིང་པ་ཚུ་ལུ་ འགན་ཁུར་ཐེབས་ཅིག་ར་ འབག་དགོ་པའི་ དུས་ཚོད་འབད་ནི་དེ་གིས་ ས་ཁ་དམའ་སར་ སྡོད་མི་ཚུ་ འུར་བྱེལ་ལང་ཡོདཔ་ཨིན་མས།
དེ་ཡང་ གནམ་བྱཱར་འདི་ ག་ནི་བ་ཁག་ཆེ་བའི་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཅིག་ འབད་མི་ལུ་བརྟེན་ སོ་ནམ་པ་མང་ཤོས་ཅིག་ར་ རང་སོའི་སོ་ནམ་གྱི་ལཱ་ལུ་ བརྩོན་པའི་བསྒང་ཨིནམ་ད་ ཚ་དྲོད་ཅན་གྱི་ གཡུས་སྒོ་ཚུ་ནང་ སྡོད་མི་ཚུ་ལུ་ གཙོ་ཆེ་ཤོས་ཅིག་ ལྕང་ལཱ་རྐྱབ་ནི་དེ་ཨིནམ་ལས་ ཁོང་གིས་ ལོ་བསྟར་བཞིན་དུ་ དུས་ཚོད་འ་ནེམ་ཅིག་ཁར་ སེམས་ཁར་ཚ་གྱང་ཐེབས་ཅིག་ར་འབག་སྟེ་ ལཱ་འབད་སར་ མཐོང་གསལ་བྱུངམ་མས།
དེ་འབདཝ་ད་ ལྕང་ལཱ་རྐྱབ་ནིའི་ལཱ་དེ་ ཆུ་འབོལ་དྲགས་སྦེ་དགོཔ་ལས་ གལ་སྲིད་ གནམ་བྱཱར་ཆརཔ་ལེགས་ཤོམ་སྦེ་ རྐྱབ་མ་བཏུབ་པ་ཅིན་ ལཱ་འདི་ ག་དེམ་ཅིག་ར་ གཙོ་ཆེ་སྟེ་འབད་རུང་ བཤོལ་བཞག་དགོཔ་ཡང་ བྱུངམ་ཨིན་མས།
སྤྱིར་བཏང་ གཞུང་གི་ཁ་ཐུག་ལས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་ཅན་གྱི་ ཆུ་གཡུར་སེལ་ནི་ལུ་ གཙོ་རིམ་བསྒྲིགས་ཏེ་ འབད་དོ་ཡོད་རུང་ འཐན་སྐམ་ཤུགས་ཆེ་སུ་སྦེ་ ཐོན་པའི་བསྒང་ལས་ ཆུ་གཡུར་གྱི་ མཐུན་རྐྱེན་མེད་མི་ཚུ་ཕར་བཞག་ ཐ་ན་ ལུང་ཆུ་དང་ སྐྱེས་ཆུ་ཚུ་ཡང་བསྐམ་འགྱོཝ་ཨིན་མས།
མི་སེར་ཚུ་ ཆུ་གི་དཀའ་ངལ་ ཐོན་དོ་ཡོད་ལུགས་སྐོར་ལས་ འུར་བྱེལ་འཐབ་དང་ འཐབ་བཞིན་དུ་ར་ཡོད་རུང་ འདི་ལུ་ གཞུང་གི་ཁ་ཐུག་ལས་ ཐབས་ལམ་གསརཔ་ཅིག་ བཏོན་ཡོད་པའི་ ལོ་རྒྱུས་མ་གོ།
འབྲུག་རྒྱལ་ཁབ་ཀྱི་ མི་སེར་བརྒྱ་ཆ་༧༠ དེ་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་ སྡོད་མི་ཙང་ཙ་འབདཝ་ལས་ གལ་སྲིད་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཁར་ འཐན་སྐམ་ལུ་བརྟེན་ ལཱ་འབད་མ་ཚུགས་པ་ཅིན་ དཔལ་འབྱོར་གོང་འཕེལ་གྱི་ དམིགས་དོན་འགྲུབ་ནི་ལུ་ ལཱ་ཁག་འོང་སྲིད།
འབྲུག་འདི་ ནགས་ཚལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ སོ་ནམ་ཐོན་སྐྱེད་ལུ་ གཙོ་རིམ་བཟུང་ སྡོད་མི་ཅིག་འབད་ནི་དེ་གིས་ གཞུང་གིས་ མི་སེར་ཚུ་གི་ དཀའ་ངལ་སེལ་ཐབས་ཀྱི་ ཐབས་ལམ་བསྒྲིག་ནིའི་ལཱ་དེ་ ན་འཐན་ར་ རན་མཆིས་ནུག།
སྤྱིར་བཏང་འཐུང་ཆུ་དང་ ཞིང་ཆུ་གཉིས་ལས་ འཐུང་ཆུ་དེ་ གཙོ་རིམ་དང་པ་ཨིན་རུང་ ཞིང་ཆུ་དེ་ཡང་ མེད་ཐབས་མེདཔ་ཅིག་འབདཝ་ལས་ ད་རེས་ནངས་པར་ འཛམ་གླིང་རྒྱལ་ཁབ་ནང་ ཚ་དྲོད་ཡར་འཕར་འགྱོ་བའི་ དཀའ་ངལ་ལུ་བརྟེན་ རྒྱལ་ཁབ་མང་ཤོས་ཅིག་ནང་ རང་བཞིན་གནས་སྟངས་ཀྱི་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོད་མི་ལུ་ གཞི་བཞག་སྟེ་ རྒྱལ་ཁབ་ནང་ཡང་ ཆུ་མ་འོངམ་གོང་ལས་ གཡུར་བ་སེལ་དགོཔ་འདུག།
སོ་ནམ་པ་ཚུ་ གནམ་གཤིས་ལུ་བརྟེན་པའི་ ཆརཔ་ལུ་བསྒུག་བཅུག་སྟེ་ ཐབས་ལམ་གཞན་མ་བཏོན་པར་ ཡུན་རིངམོ་སྦེ་ར་ བཞག་པ་ཅིན་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དཀའ་ངལ་སྦོམ་ར་ འབྱུང་ཉེན་འདུག།
དེ་འབདཝ་ལས་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་མ་འབྱུང་པའི་ཧེ་མར་ འབྲེལ་ཡོད་ལྷན་ཁག་གིས་ སེལ་ཐབས་འབད་ནིའི་ ཐབས་བྱུས་བཏོན་པ་ཅིན་ བདག་གཞན་གྱི་ ཕན་རླབས་འབྱུང་སྲིད་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …