ལྐོག་ཟ་འབད་བའི་ མ་དངུལ་ཚུ་ ལོག་བསྡུ་ལེན་འབད་ནི་ལུ་ གདོང་ལེན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཁྲུན་ཆོད་བསྟར་སྤྱོད་ཀྱི་དོན་ལུ་ བསགས་ལུས་ཡོད་པའི་ རྩོད་རྙོགས་སེལ་ཐབས་འབད་ནིའི་ནང་ གདོང་ལེན་ལེ་ཤ་ཡོད་མི་ལུ་བརྟེན་ མ་དངུལ་སོར་ཆུད་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦ ཅན་མའི་གུ་ གསུང་གྲོས་གནང་པའི་ཤུལ་ལུ་ རྩོད་དོན་ཁག་༡༢ ནང་ མི་ངོ་༡༧ ལས་ དངུལ་ཀྲམ་ས་ཡ་༡༡༠ དེ་ཅིག་ གཞུང་ལུ་ སོར་ཆུད་འབད་ཐོག་ལས་ རྩོད་རྙོགས་གང་མགྱོགས་མཇུག་བསྡུ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ལུ་ བཀའ་རྒྱ་གནང་ཡི།

རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ འཁྲུན་ཆོད་མང་ཤོས་ཅིག་ བསྟར་སྤྱོད་འབད་མ་ཚུགས་པར་ ལུས་མི་དེ་ཡང་ གཙོ་བོ་ར་ མ་དངུལ་ལོག་སྤྱོད་འབད་མི་ མང་ཤོས་ཅིག་ བཙོན་ཁང་ནང་ཡོདཔ་མ་ཚད་ ཁོང་གི་ བཟའ་ཚང་འཐུས་མི་ཚུ་ལུ་ ཐོན་ཁུངས་ག་ནི་ཡང་མེདཔ་ལས་ སོར་ཆུད་འབད་ཐབས་མིན་འདུག་ཟེར་ཨིན་པས།

དེ་ལས་ ཉེས་འཛུགས་ཅན་ལ་ལོ་ཅིག་ བཙོན་ཁང་ནང་མེད་རུང་ གཞུང་ལུ་ ཏི་རུ་བཙུགས་ནི་གི་ ཐོན་ཁུངས་མིན་འདུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཤད་པའི་ཁར་ གལ་སྲིད་ མི་དེ་ཚུ་ ལོག་འཛིན་བཟུང་འབད་དེ་ བཙོན་ཁང་ནང་ བཞག་པ་ཅིན་ ཁོང་ལུ་ འོང་འབབ་བཟོ་ནི་གི་ གོ་སྐབས་མེདཔ་བཟོ་སྟེ་ སོར་ཆུད་འབད་ནི་ཕར་བཞག་ གཞུང་གིས་ བཙོན་པ་གཞན་བཟུམ་སྦེ་ར་ མཐུན་རྐྱེན་ཚུ་ མཁོ་སྤྲོད་ཐོག་ གསོ་དགོཔ་ལས་ ཧེང་སྐལ་ར་ རྒྱལ་ཁམས་ལུ་ སྐུ་གྱོང་ཕོགཔ་མས་ཟེར་ བཤདཔ་ཨིན་པས།

དེ་ལས་ ཚུལ་མིན་གྱི་སྒོ་ལས་ ས་གཏེར་ཕྱིར་བཏོན་ཐོག་ ཚོང་འབྲེལ་འཐབ་པའི་ རྩོད་དོན་གྱི་ཐད་ལུ་ བཙོན་ཁང་ནང་ཡོད་མི་ཚུ་གི་ བཟའ་ཚང་དང་ ཨ་ལོ་ཚུ་གི་ མིང་ཐོ་ལུ་ ས་ཁྱིམ་དང་ རྒྱུ་དངོས་ཚུ་ཡོད་མེད་ ཁ་གསལ་གཏང་དགོཔ་སྦེ་ འབྲེལ་ཡོད་རྫོང་ཁག་བདག་སྐྱོང་ཚུ་ལུ་ ཡི་གུ་བཏང་ཡོད་རུང་ བར་ན་ལས་ ཡི་གུ་ཚུ་ བྱང་སྟོར་ཤོར་མི་དང་ བརྡ་དོན་ལེགས་ཤོམ་མེད་མི་ལུ་བརྟེན་ ལན་གསལ་ག་ནི་ཡང་ ཐོབ་མ་ཚུགསཔ་ལས་ མ་དངུལ་སོར་ཆུད་འབད་ནི་ལུ་ ཐོགས་ཏེ་ལུས་ཡོད་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཤདཔ་ཨིན་པས།

ཁྲིམས་འདུན་གྱི་བཀའ་རྒྱ་དང་འཁྲིལ་ མི་ངོ་སོ་སོ་ལས་ སོར་ཆུད་འབད་དགོཔ་ དངུལ་ཀྲམ་ས་ཡ་༡༡༠ དེ་ཅིག་ཡོད་མི་ལས་ མཐོ་ཤོས་ར་ བསམ་རྩེ་ས་གཏེར་ཕྱིར་བཏོན་གྱི་ རྩོད་དོན་ནང་ སངས་རྒྱས་རྒྱལ་མཚན་ལས་ དངུལ་ཀྲམ་ས་ཡ་༤༣.༢༦༢ དང་ ནག་རྒྱས་ལས་ དངུལ་ཀྲམ་ས་ཡ་༤༧.༨༤༤ ལྷགཔ་ཅིག་ བསྡུ་ལེན་འབད་དགོཔ་ཡོདཔ་ད་ ད་ལྟོ་ བཙོན་ཁྲིམས་འབག་པའི་བསྒང་ཡོད་མི་ རྩོད་ཟླ་༢ ཀྱི་ འཁྲུན་ཆོད་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༠ ལུ་ གནང་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ འཁྲུན་ཆོད་བསྟར་སྤྱོད་སྡེ་ཕྲན་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྡེ་ཕྲན་དེ་གི་ འགན་ཁུར་ངོ་མ་ར་ ལོག་སྤྱོད་དང་ ལྐོག་ཟ་འབད་བའི་ མ་དངུལ་ཚུ་ གཞུང་ལུ་ སོར་ཆུད་འབད་ནི་དེ་ཨིན་ཟེར་ཨིན་པས།

ད་ཚུན་གྱི་བར་ན་ སྡེ་ཕྲན་དེ་གིས་ རྩོད་དོན་༤ དང་༥ དེ་ཅིག་ནང་ མ་དངུལ་སོར་ཆུད་འབད་དེ་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ དུས་མཐུན་མ་བཟོ་བས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་ངོ་མ་ར་ བྱ་ངན་འབད་མི་ཚུ་ བཙོན་ཁང་ནང་ བཞག་ནི་མེན་པར་ ལོག་སྤྱོད་འབད་མི་ མ་དངུལ་དང་ རྒྱུ་དངོས་ཚུ་ ལོག་གཞུང་ལུ་ བཙུགས་བཅུག་ནི་དེ་ཨིནམ་བཞིན་དུ་ ཁྲིམས་འདུན་ཚུ་ལས་ བཙོན་ཁྲིམས་ཀྱི་ འཁྲུན་ཆོད་བཏོནམ་ད་ ཉེས་འཛུགས་ཅན་དེ་གི་ རྒྱུ་དངོས་གང་ཡོད་ ཐོ་དང་གཅིག་ཁར་ གནང་པ་ཅིན་ སོར་ཆུད་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ནི་མས་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *