ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡.༨༩ གྲོས་འཆར།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་ མ་དངུལ་དངུལ་ཀྲམ་ཐེར་འབུམ་༡.༨༩ གི་ གྲོས་འཆར་བརྩམས་ནུག།
སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ བཤད་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལོ་ལྔའི་འཆར་གཞི་༡༢ པའི་ མ་དངུལ་གྱི་ གྲོས་འཆར་ཚུ་ གྲ་སྒྲིག་སོང་སྟེ་ཡོདཔ་ལས་ འཕྲལ་མགྱོགས་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ བཙུགས་ནི་ཨིན་ཟེར་ཨིན་པས།
འཆར་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༠.༨༩ དེ་ བདག་སྐྱོང་དང་འཛིན་སྐྱོང་ སྨན་ཁང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༥༤༣.༩ དང་ ཨའི་དང་ཨ་ལོ་གི་སྨན་ཁང་ དེ་ལས་ མིག་ཏོ་གི་ སྨན་ཁང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥༥.༥༩ གྲོས་འཆར་བཙུགས་ནུག།
སྨན་ཁང་གི་ བདག་སྐྱོང་འགོ་དཔོན་ བཀྲིས་ཕུན་ཚོགས་ཀྱིས་འབད་བ་ཅིན་ བདག་སྐྱོང་དང་འཛིན་སྐྱོང་ནང་ འཆར་དངུལ་མངམ་སྦེ་ཡོད་མི་དེ་ཡང་ བཟོ་སྐྲུན་གསརཔ་འབད་མི་ཚུ་ དེ་ནང་ཚུད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ལྷགཔ་རྡོ་རྗེ་གིས་འབད་བ་ཅིན་ ཕྱི་སྡོད་ནད་པའི་ལས་ཁུངས་དེ་ཡང་ ཆུང་ཀུ་ཅིག་སྦེ་ཡོདཔ་ལས་ རྒྱ་སྐྱེད་འབད་དགོཔ་འདུག་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ ནདཔ་༥༠༠,༠༠༠ དེ་ཅིག་གིས་ སྨན་ཁང་ནང་ སྨན་བཅོས་འབད་བར་ འོང་དོ་ཡོདཔ་མ་ཚད་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་འཁྲིལ་ཏེ་ མ་འོངས་པ་ལུ་ ནདཔ་ཧེང་སྐལ་འོང་ནི་ཨིནམ་ལས་ ཕྱི་སྡོད་ནད་པའི་ལས་ཁུངས་ རྒྱ་སྐྱེད་འབད་དགོཔ་ ཁག་ཆེཝ་སྦེ་ར་ མཐོང་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཕྱི་སྡོད་ནད་པའི་ལས་ཁུངས་ནང་ ནདཔ་༤༩༧,༦༠༤ གིས་ ཐོ་བཀོད་འབད་ཡོདཔ་ད་ སྨན་ཁང་ནང་སྡོད་དེ་ སྨན་བཅོས་འབད་མི་ ནདཔ་༡༧,༥༢༣ ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ལོ་༢༠༡༤ ལུ་ ནདཔ་༤༩༤,༧༩༢ དང་ སྤྱི་རོ་༢༠༡༥ ལུ་ ནདཔ་༥༢༤,༧༦༠ གིས་ སྨན་ཁང་ནང་ འོང་ཡོདཔ་ཨིན་པས།
ལོ་ལྔའི་འཆར་གཞི་༡༢ པའི་ འཆར་དངུལ་གྱི་གཙོ་རིམ་གཅིག་ མི་སྟོབས་གོང་འཕེལ་གཏང་ནི་དེ་ཨིནམ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠༠ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ དེ་ནང་ དུས་ཐུང་གི་སྦྱོང་བརྡར་དང་ ཤེས་ཡོན་ཚུ་ཚུདཔ་ཨིན་པས།
གཙོ་འཛིན་ལྷགཔ་རྡོ་རྗེ་གིས་འབད་བ་ཅིན་ སྨན་ཁང་གི་ ཞབས་ཏོག་ག་ཅི་ར་བྱིན་རུང་ འཕྲུལ་ཆས་འདྲ་མིན་སྣ་ཚོགས་ཡོདཔ་ལས་ དེ་ལག་ལེན་འཐབ་མི་ སྨན་གཡོགཔ་དང་ གསོ་བའི་ལས་རོགསཔ་ཚུ་གི་ རིག་རྩལ་ཡར་དྲག་གཏང་ནིའི་དོན་ལུ་ དུས་མཐུན་སྦྱོང་བརྡར་ཡང་ དགོཔ་ཁག་ཆེཝ་སྦེ་ མཐོང་ནི་དེ་གིས་ འཆར་གཞི་ནང་ བཙུགས་ཡོདཔ་ཨིན་པས།
སྤུས་ཚད་ཅན་གྱི་ ཞབས་ཏོག་བྱིན་ནིའི་དོན་ལུ་ མི་སྟོབས་གོང་འཕེལ་གཏང་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ སྨན་ཁང་གི་ཁ་ཐུག་ལས་ འཆར་དངུལ་གྱི་ གྲོས་འཆར་བཙུགས་མི་དེ་ ཚད་གཞི་ལས་བརྒལ་ནི་ཨིན་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ གཙོ་རིམ་བཟུང་ཞིནམ་ལས་ འབད་དགོཔ་སྦེ་ བཀའ་གནང་ནུག་ཟེར་ཨིན་པས།
དེ་ཡང་ སྨན་ཁང་དེ་གིས་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་དྲག་ཞེན་ཆེ་ཆུང་མེདཔ་ ག་ར་ལུ་ ཞབས་ཏོག་བྱིན་ནི་དེ་གིས་ཨིན་མས་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *