༉ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་སྡེ་ཚུ་ནང་ ག་ཏེ་ལྟ་རུང་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་འབད་ནི་དེ་ གདོང་ལེན་ཅན་ཅིག་སྦེ་ར་ མཐོངམ་ཨིན་མས།
དཔེ་འབད་བ་ཅིན་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ ཁྲོམ་སྡེ་ཚུ་ནང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མི་རློབས་ཡར་འཕར་འགྱོ་མི་དང་བསྟུན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་མ་ལང་པའི་ དཀའ་ངལ་དེ་ ཧེང་སྐལ་ར་ ཡར་འཕེལ་འགྱོ་ནི་མ་གཏོགས་ མི་སྡེ་ནང་ སྟབས་བདེའི་གནས་སྟངས་ཅིག་ རྩ་ལས་ར་ འབྱུང་མ་ཚུགས་པར་འདུག།
ཨིན་རུང་ ཁྲོམ་སྡེའི་དབང་འཛིན་ཚུ་གིས་ ད་ལྟོ་ལས་ར་ ཐབས་ཤེས་གནས་སྐབས་ཚུ་ བཏོན་ཞིནམ་ལས་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་དེ་ སེལ་ཐབས་འབད་ནི་ལུ་ བརྩོན་ཤུགས་མ་བསྐྱེད་པ་ཅིན་ ཤུལ་ལས་ ཚབས་ཆེན་ཐལ་བའི་བསྒང་ལས་ འཛིན་སྐྱོང་འཐབ་ཚུགས་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མས།
གཅིག་ལས་བལྟ་བ་ཅིན་ རང་གིས་བཟོ་མི་ ཕྱགས་སྙིགས་རག་རོ་ཚུ་ རང་གིས་ འཛིན་སྐྱོང་འཐབ་མ་ཚུགསཔ་ད་ ངོ་ཚ་བའི་ གཞི་གནད་ཅིག་ཨིནམ་ལས་ ག་ར་འབད་རུང་ ཆུ་གཡུར་དང་ འཁོར་ལམ་ཚུ་བདའ་སྟེ་ སྣང་མེད་སྦེ་ ཕྱགས་སྙིགས་བཀོ་ནི་དེ་ ངེས་པར་དུ་ འཛེམ་དགོཔ་ཅིག་ཨིནམ་ད་ གསོ་བའི་ཁ་ཐུག་ལས་འབད་རུང་ ཕྱགས་སྙིགས་རག་རོ་ཚུ་ ག་ལྷོད་བཀོ་བ་ཅིན་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་པ་གིས་མ་ཚད་ ཁམས་ལོག་སི་སི་སྦེ་ མཐོངམ་ཨིན་མས།
ཐིམ་ཕུག་རྐྱངམ་གཅིག་གིས་ར་ ཉིནམ་རེ་ལུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༥༠ ལྷགཔ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་བཞིན་དུ་ ལོ་ངོ་མང་རབས་ཅིག་ལང་མི་ ཕྱགས་སྙིགས་བཀོ་སའི་ས་ཁོངས་ མེ་མེ་ལ་ཁ་དེ་ཡང་ ལོ་དག་པ་ཅིག་གི་ ཧེ་མ་ལས་ར་ ཕྱགས་སྙིགས་རག་རོ་ཚུ་གིས་ གང་ཡོདཔ་ཨིན་རུང་ གཞན་ཁར་བཀོ་ས་མེདཔ་ལས་ བྱ་ཐབས་མེད་པར་ དེ་ནང་ར་ བཀོག་བཞགཔ་ཨིན་མས།
ཕྱགས་སྙིགས་བཀོ་སའི་ ས་ཁོངས་ནང་ལས་ཐོན་མི་ བཙོག་ཆུ་དེ་ འགྲོ་བ་མི་དང་ མནོ་མེད་སེམས་ཅན་ཚུ་ལུ་ ཉེན་ཁ་ཡོདཔ་མ་ཚད་ བཙོག་ཆུ་དེ་གིས་ འགྲོས་ཀྱིས་སྦེ་ ཉེ་འདབས་ཀྱི་ རོང་ཆུ་ནང་ འཛུལ་བའི་བསྒང་ལས་ ཆུ་ནང་གི་ ཉ་ལ་སོགས་པའི་ སེམས་ཅན་ཚུ་ལུ་ཡང་ ཉེན་ཁ་སྦོམ་སྦེ་ར་ ཡོདཔ་ཨིན།
དེ་བཟུམ་མའི་ གདོང་ལེན་ཚུ་ བྱུང་མི་ལུ་བརྟེན་ ཁྲོམ་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དེ་ སྒེར་སྡེ་ཚུ་ལུ་ཡང་ བགོ་བཤའ་རྐྱབ་སྟེ་ འགན་ཁུར་སྤྲོད་ཡོད་མི་དེ་གིས་ ལེགས་བསྒྱུར་འབག་འོང་རུང་ ད་རུང་ཡང་ སྤྱིར་བཏང་འབད་དགོཔ་ལེ་ཤ་འདུག།
ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ དུས་ཚོད་ཐད་ཁར་ ཧེ་མ་དང་ཕྱདཔ་ད་ ལེགས་བཅོས་སོང་ཡོད་རུང་ རུལ་བཏུབ་དང་ མ་བཏུབ་པའི་ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་ནི་དེ་ ད་ལྟོ་ཡང་ དོ་འགྲན་ཅན་ཅིག་སྦེ་ར་ ལུས་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཕྱགས་སྙིགས་འབག་མི་ སྣུམ་འཁོར་ཊཱག་ཚུ་གིས་ ཕྱི་སེལ་རྐྱབ་མི་ ཕྱགས་སྙིགས་ཚུ་ཡང་ མེ་མེ་ལ་ཁ་ལུ་ར་ གཅིག་ཁར་བཀོག་བཞགཔ་ཨིན་མས།
ཨིན་རུང་ འབྲེལ་ཡོད་དབང་འཛིན་པ་ཚུ་གིས་ དེ་ལུ་ ངོས་ལེན་འབད་ནིའི་ཚབ་ མ་ཤེསཔ་བཟུམ་སྦེ་ སྣང་མེད་སྐྱུར་བཞག་པའི་ མངོན་གསལ་བྱུངམ་ཨིན་མས།
གཞན་དལ་གཞི་ ཕྱི་སེལ་རྐྱབ་མི་ ཕྱགས་སྙིགས་ཚུ་ ས་ཁོངས་སོ་སོར་སྦེ་ བཀོ་བཞག་པ་ཅིན་ དེ་གིས་ འཕྲུལ་ཆས་ཐོག་ལས་ བསྐྱར་བཟོ་འབད་བཏུབ་མ་ཚད་ ལཱ་གཡོག་གི་ གོ་སྐབས་ཡང་ བཟོ་ཚུགསཔ་ཨིན།
ཕྱགས་སྙིགས་བཀོ་སའི་ ས་ཁོངས་རྒྱ་བསྐྱེད་འབད་ནི་གི་ ལོ་རྒྱུས་ཐོན་ཏེ་ ལོ་དག་པ་ཅིག་ ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ རྒྱ་བསྐྱེད་འབད་སར་ མ་མཐོང་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ ཐོགས་ལུས་ཡོདཔ་ཨིན་ན་ སྤྱིར་བཏང་མི་མང་གིས་ ཤེས་དགོཔ་འདུག།
བཅུད་བསྡུ་བ་ཅིན་ གྲུབ་འབྲས་མེད་པའི་ འཆར་གཞི་དང་ ལོ་རྒྱུས་ཚུ་ སླབ་སྡོད་ནི་མེན་པར་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གཙོ་རིམ་བཟུང་སྟེ་ ཤུགས་བཏོན་གནང་པ་ཅིན་ མི་སྡེ་ལུ་ ཕན་རླབས་ཆེ་ནི་མས་ཟེར་ ཞུ་ནི་ཨིན།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …