བ་ཟམ་འཕྱགས་བདའ་མི་ལུ་བརྟེན་ ཆུ་བརྒལ་འགྱོ་བའི་བསྒང་།

ལོ་པོ་ཁ་དང་ ལུམ་མཚོ་ཁ་སྤྱི་འོག་༢ མཐུད་སྦྲེལ་འབད་མི་ བ་ཟམ་དེ་ ཆུ་བྲེས་མི་གིས་ འཕྱགས་བདའ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ ཆུ་རུད་ཐོན་མི་དེ་གིས་ ཨ་ཐང་རྒེད་འོག་ ལོ་པོ་ཁ་སྤྱི་འོག་དང་ ལུམ་མཚོ་ཁ་སྤྱི་འོག་གཉིས་ མཐུད་སྦྲེལ་འབད་མིའི་ བ་ཟམ་དེ་ ཆུ་གིས་ འཕྱགས་བདའ་ཡོདཔ་ལས་ སྤྱི་ཟླ་༨ པའི་ཚེས་༥ དང་༦ ལུ་ དབང་འདུས་རྫོང་ཁག་གི་ ཁས་བླངས་པ་ཚུ་གིས་ གནས་སྐབས་ཀྱི་ ཟམ་རྐྱབ་ནི་ཨིན་པས།
ཆུ་རུད་དེ་གིས་ ཟམ་རྐྱངམ་གཅིག་ འཕྱག་འབགཔ་མ་ཚད་ ལོ་པོ་ཁ་སྤྱི་འོག་གི་ ཁྱིམ་གུང་པ་༥ འི་ ཆུ་ཞིང་ཨེ་ཀར་༡ དེ་ཅིག་ཡང་ མེདཔ་བཏང་ནུག།
དབང་འདུས་རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་གི་མགྲིན་ཚབ་ རྫོང་རབ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ འགོ་དཔོན་དག་པ་ཅིག་གིས་ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ རྐྱེན་ངན་བྱུང་ཡོད་པའི་ ས་གནས་ནང་ ལྟ་ཞིབ་འབད་ནུག།
རྐྱེན་ངན་འཛིན་སྐྱོང་གི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ཁོང་གིས་ས་གནས་ནང་ སོང་སྟེ་ བརྟག་ཞིབ་འབད་དེ་ལྟ་བའི་བསྒང་ལས་ ཁྱིམ་གུང་པ་༣ གྱི་ ཆུ་ཞིང་ག་ར་ ཆུ་གིས་འཕྱགས་བདའ་ཡོདཔ་ལས་ ད་ལྟོ་ ཁོང་གི་ཁ་ཐུག་ལས་ ས་ཚབ་སྤྲོད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
གནོད་སྐྱོན་དུམ་གྲ་རེ་ རྐྱབ་མི་ཚུ་གི་དོན་ལུ་ ག་ཅི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ཁག་ཆེ་ཤོས་ཅིག་ སྤྱི་འོག་༢ མཐུད་སྦྲེལ་འབད་མིའི་ ཟམ་དེ་ རྩ་བ་ལས་ ཆུ་གིས་འཕྱགས་བདའ་ཡོདཔ་ལས་ མི་སེར་ཚུ་གི་ ཉེན་སྲུང་དོན་ལུ་ ཟམ་དེ་ ད་རེས་ཀྱི་ བདུན་ཕྲག་ངལ་གསོ་སྐབས་ལུ་ བཟོ་སྐྲུན་འབད་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།
སྤྱི་འོག་༢ ཀྱི་མི་སེར་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་སྟེ་ར་ སྡོད་དོ་ཡོདཔ་ལས་ མི་སེར་ཚུ་གིས་ ཟམ་མེད་པའི་བསྒང་ལས་ ཁོང་ར་གིས་ ཆུ་བརྒལ་ཏེ་འགྱོ་དོ་ཡོདཔ་ལས་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ དེ་འཕྲོ་ལས་ ཆུ་བྲེས་དོ་ཡོདཔ་ལས་ ཁོང་གི་ཉེན་སྲུང་གི་དོན་ལུ་ བཟོ་སྐྲུན་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ཟམ་བཟོ་སྐྲུན་གྱི་དོན་ལུ་ མཁོ་ཆས་བའི་ཅ་ཆས་ཚུ་ རྫོང་ཁག་གི་ཁ་ཐུག་ལས་ བྱིན་ནི་ཨིནམ་ད་ ཤིང་ཚུ་ ས་གནས་ནང་གི་ མི་སེར་ཚུ་ ཁོང་ར་གིས་ གྲ་སྒྲིག་འབད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་བ་ཟམ་ཅིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་མ་ཐོབ་ཚུན་ཚོད་ཀྱི་རིང་ གནས་སྐབས་ཀྱི་ཟམ་དེ་ བཟོ་སྐྲུན་འབད་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་ཚུགས་ནི་མས་ཟེར་ཨིན་པས།
ཨ་ཐང་རྒཔོ་ མཁའ་འགྲོ་རྡོ་རྗེ་གིས་ བཤད་མིའི་ནང་ ལོ་༥ འི་ནང་འཁོད་ལུ་ ལོ་ངོ་པ་སྤྱི་འོག་ནང་ དེ་བཟུམ་མའི་ ཆུ་རུད་ཐོན་ཏེ་ གནོད་སྐྱོན་རྐྱབ་རྐྱབ་མེད་ཟེར་ཨིན་པས།
མ་གཞི་ མི་སེར་སོ་ནམ་པ་ཚུ་གིས་ དུས་ཚོད་མང་ཧེ་རྫོགསཔ་ཅིག་ ལཱ་འབད་དེ་ འབྱ་འཛུགས་སྐྱོང་འབད་བའི་མཐའ་མར་ དཀའཝ་སྤྱད་ཡོད་པའི་གྲུབ་འབྲས་དེ་ལུ་ གློ་བུར་གནོད་སྐྱོན་བྱུངམ་ད་ སེམས་ཕམ་བྱུངམ་མས་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *