ལོ་ན་རྒས་མིའི་གྲངས་སུ་ ཕོ་སྐྱེས་ཀྱི་གྱངས་ཁ་དེ་ མཐོ་ཤོས་སྦེ་ཡོདཔ།

༉ སྤྱི་ལོ་༢༠༡༥ ལུ་ འབྲུག་མིའི་ཚེ་ཚད་མཐོ་ཤོས་དེ་ སྐྱེས་ལོ་༦༩.༨༣ གུ་ཡོད་མི་དེ་ཡང་ ཕོ་སྐྱེས་ཀྱི་ཚེ་ཚད་དེ་ སྐྱེས་ལོ་༦༩.༥༧ དེ་ལས་ ཨམ་སྲུའི་ཚེ་ཚད་དེ་ སྐྱེས་ལོ་༧༠.༡༡ གུ་ གནས་ཡོདཔ་ཨིན་རུང་ ལོ་ན་རྒས་མིའི་གྲས་ཁར་ མཐོ་ཤོས་ཕོ་སྐྱེས་ཚུ་ ཡོདཔ་ཨིན་པས།
ཕོ་མོ་གི་ དབྱེ་བའི་ཐོག་ལས་འབད་བ་ཅིན་ སྤྱི་ལོ་༢༠༠༥ ལུ་ ཨམ་སྲུ་ལོ་ན་རྒས་མི་༡༠༠ གི་བར་ན་ ཕོ་སྐྱེས་༡༡༡ ཡོད་མི་དེ་ སྤྱི་ལོ་༢༠༡༧ ལུ་ ཕོ་སྐྱེས་༡༠༦ གུ་ མར་བབས་སོང་ནུག།
དེ་ལས་ སྤྱི་ལོ་༢༠༡༥ ལུ་ སྐྱེས་ལོ་༨༠ ཡན་ཆད་འབད་མི་ ལོ་ན་རྒས་མིའི་བརྒྱ་ཆ་དེ་ ཨམ་སྲུ་༡༠༠ གི་བར་ན་ ཕོ་སྐྱེས་༩༧ ཡོད་མི་དེ་ སྤྱི་ལོ་༢༠༡༧ ལུ་ ཕོ་སྐྱེས་དང་ ཨམ་སྲུ་བར་ནའི་གྱངས་ཁ་དེ་ འདྲན་འདྲ་ལྷོད་ནུག།
སྐྱེས་ལོ་༦༠ ཡན་ཆད་འབད་མི་ཚུ་ཡང་ མང་ཤོས་ར་ ཁྲོམ་སྡེ་ཚུ་ནང་ སྡོད་མི་ཚུ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ དེ་ཡང་ ཁྲོམ་ཁར་ཡོད་མི་ མི་རློབས་ལས་ བརྒྱ་ཆ་༡.༣༧ དེ་ཅིག་ ལོ་ན་རྒས་མི་ཚུ་ཡོད་པའི་ ངོས་འཛིན་བྱུང་ནུག།
སྤྱི་ལོ་༢༠༡༥ ལུ་ རྒྱལ་ཁབ་ཀྱི་མི་རློབས་ལས་ བརྒྱ་ཆ་༧.༨༠ དེ་ཅིག་ ལོ་ན་རྒས་མི་ཚུ་ཡོད་པའི་ཁར་ ཁྲོམ་ནང་འབད་བ་ཅིན་ ལོ་ན་རྒས་མི་ ཕོ་མོ་འདྲན་འདྲ་ཡོད་རུང་ གྲོང་གསེབ་ནང་འབད་བ་ཅིན་ ཕོ་སྐྱེས་ལོ་ན་རྒས་མི་ མང་སུ་ཡོད་པའི་ ངོས་འཛིན་བྱུང་ནུག།
རྫོང་ཁག་གི་ཐོག་ལས་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ ཐིམ་ཕུག་རྫོང་ཁག་ནང་ ལོ་ན་རྒས་མི་མཐོ་ཤོས་ཡོད་པའི་ཁར་ དེ་གི་ཤུལ་ལས་ བཀྲིས་སྒང་རྫོང་ཁག་ནང་ མཐོ་ཤོས་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ མགར་ས་ལུ་ མི་རློབས་ལས་ བརྒྱ་ཆ་༠.༦༢ ཡོད་མི་དེ་ ཉུང་ཤོས་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཐིམ་ཕུག་རྫོང་ཁག་ནང་ ལོ་ན་རྒས་མིའི་གྱངས་ཁ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འགྱོ་བའི་མངོན་གསལ་བྱུང་ཡོདཔ་ད་ ཆུ་ཁ་རྫོང་ཁག་གིས་ ལོ་ན་རྒས་མི་ མཐོ་ཤོས་གཉིས་པའི་ནང་ ཐོན་མི་ལུ་བལྟ་བ་ཅིན་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འོང་མིའི་ རྟགས་མཚན་སྟོན་པའི་ཁར་ མགར་ས་རྫོང་ཁག་ནང་ སྤྱི་ལོ་༢༠༡༥ ལུ་ ལོ་ན་རྒས་མིའི་གྱངས་ཁ་ མར་བབས་སོང་ཡོད་རུང་ རྫོང་ཁག་དེ་ནང་ ལོ་ན་རྒས་མི་ ཕོ་གི་གྱངས་ཁ་དེ་ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ལོ་༡༩༦༠ ལུ་ ལུང་ཕྱོགས་ནང་ ཕོ་སྐྱེས་ཀྱི་ལོ་ཚད་དེ་ སྐྱེས་ལོ་༣༢.༠༡ དང་ ཨམ་སྲུ་ཚུ་གི་ལོ་ཚད་ སྐྱེས་ལོ་༣༢.༧༢ ཡོད་མི་དེ་ ཉུང་ཤོས་ཡོད་རུང་ སྤྱི་ལོ་༢༠༠༥ ལས་༢༠༡༥ འི་བར་ན་ རྒྱལ་ཁབ་ཀྱི་མི་རློབས་ལས་ ལོ་ན་རྒས་མིའི་གྱངས་ཁ་དེ་༤༤,༣༡༩ ལས་ སྤྱི་ལོ་༢༠༡༥ ལུ་༥༧,༧༤༩ གུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་༢༣ དེ་ཅིག་གི་རྩིས་ཨིན་པས།
ལོ་ན་རྒས་མིའི་གྱངས་ཁ་ ཡར་སེང་སོང་མི་དེ་ དཔལ་འབྱོར་ཡར་དྲག་སོང་བའི་ རྟགས་མཚན་ཨིན་པའི་ཁར་ བརྒྱ་ཆ་དེ་ཅིག་ ཡར་སེང་སོང་མི་དེ་ལུ་བལྟ་བ་ཅིན་ ལོ་ན་རྒས་མིའི་གནས་སྟངས་དེ་ སྤྱི་ལོ་༢༠༡༥ གི་ཧེ་མ་ལས་ འགོ་བཙུགས་ནུག་ཟེར་ རྩིས་དཔྱད་བཀོད་འཛིན་གྱི་ སྙན་ཞུ་ནང་བཀོད་ནུག།
དེ་མ་ཚད་ ལོ་ན་རྒས་མི་དེ་ ཕོ་མོ་གཉིས་ཆ་ར་ཐོན་ཡོད་རུང་ ཨམ་སྲུ་ཚུ་ལུ་ དུམ་གྲ་ཅིག་ མང་སུ་ཐོན་ནུག་ཟེར་ཨིནམ་ད་ ལོ་ན་རྒས་མི་མང་སུ་ཐོནམ་ད་ ལོ་ན་རྒས་པའི་རྒྱབ་སྐྱོར་དང་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་གྱི་རྒྱབ་སྐྱོར་ཚུ་ མང་སུ་སྤྲོད་དགོཔ་འཐོན་ནི་ཨིནམ་ད་ གཞན་ལུ་རེ་འདོད་མི་ མང་སུ་ཐོན་མི་དེ་ རྒྱལ་ཁབ་ལུ་ ལེགས་ཤོམ་མེན་མི་དེ་ཡང་ རྒྱལ་ཁམས་ཀྱི་རྒྱུ་ནོར་ཚུ་ མང་སུ་སྦེ་ ཟད་འགྲོ་གཏང་དགོ་ནི་དེ་གིས་ཨིན་པས།
གཞན་ལུ་རེ་སྡོད་མིའི་གྱངས་ཁ་དེ་ཡང་ འགྲོས་ཀྱིས་སྦེ་ར་ ཡར་སེང་འགྱོ་དོ་ཡོདཔ་ད་ གནས་སྟངས་དེ་ དེ་སྦེ་ར་སྡོད་པ་ཅིན་ ལོ་ན་རྒས་མི་ཚུ་ལུ་ ཟད་འགྲོ་མང་སུ་གཏང་དགོཔ་ འཐོན་ནི་ཨིན་རུང་ སྐྱེས་ལོ་༦༠ ཡན་ཆད་འབད་མི་ག་ར་ ལོ་ན་རྒས་པའི་གྲས་ཁར་ མི་ཚུད་ནི་ཨིན་མི་དེ་ཡང་ སེམས་ཁར་བཞག་དགོ་ནི་ཨིན་པས།
སྐྱེས་ལོ་༦༥ ཡན་ཆད་འབད་མི་ ལོ་ན་རྒས་མིའི་བར་ན་ དབུལ་ཕོངས་ཀྱི་གནས་ཚད་དེ་ སྤྱི་ལོ་༢༠༡༣ ལུ་ བཀོད་འཛིན་གྱིས་ བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ བརྒྱ་ཆ་༡༤ ཡོད་རུང་ ཤུལ་ལས་ མར་བབས་སོང་ཡོདཔ་ཨིན་པས།
རྒྱལ་ཁབ་གོང་འཕེལ་དང་གཅིག་ཁར་ གཉེན་ཡ་བྲལ་མིའི་གྱངས་ཁ་དེ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་ཡང་ ཁྲོམ་ནང་སྡོད་མི་ཚུ་ཡང་ མང་ཤོས་ཐོན་མི་ལས་ ཐིམ་ཕུག་ལུ་ ཡ་བྲལ་འགྱོ་མིའི་གྱངས་ཁ་དེ་ མཐོ་ཤོས་ཅིག་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *