ཐིམ་ཕུག་ལུ་སྡོད་མི་ ལོ་ན་རྒས་མི་དད་ཅན་ཚུ་གིས་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ བསྐོར་ར་རྐྱབ་པའི་བསྒང་།

ལོ་ན་རྒས་མི་ཚུ་ལུ་ དགོངས་ཞུའི་ཟུར་ཕོགས་ཐོབ་ལམ་ བཟོ་ནིའི་སྲིད་བྱུས།

༉ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དང་ ཆོས་སྡེ་ནང་བཞུགས་མི་ དེ་ལས་ གཡུས་ཁར་སྡོད་མི་ཚུ་ ལོ་ན་རྒས་པའི་སྐབས་ མི་ཚེ་སྐྱོང་ནིའི་དོན་ལུ་ ཉེན་སྲུང་ག་ནི་ཡང་མེད་མི་དེ་ ཚ་གྱང་ལང་བའི་ གཞི་གནད་ཅིག་ཨིན་པས།

ལོ་ན་རྒས་མི་ཚུ་གི་དོན་ལུ་ རྒྱལ་ཡོངས་སྲིད་བྱུས་བཟོ་ནིའི་དོན་ལས་ ཁ་ཙ་ བཞི་ཆེན་མཁར་ལུ་སྦེ་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲྭ་ཚང་ལྷན་ཚོགས་དང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་དང་རྒྱལ་འཛིན་ལོ་ན་རྒས་མིའི་འཆར་གཞི་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ གསལ་བཤད་དང་ ཞིབ་འཚོལ་འབད་མི་ཚུ་ གསལ་བཤད་འབད་ཡོདཔ་ཨིན་པས།

གྲྭ་ཚང་ལྷན་ཚོགས་ཀྱི་ངོ་ཚབ་ ལས་ཚོགས་དྲུང་ཆེན་ ཨོ་རྒྱན་རྣམ་གྱིས་ གོང་འཕེལ་འགྱོཝ་ད་ ལོ་ན་རྒས་མི་ཚུ་གི་ ཉེན་སྲུང་བཟོ་ནི་དེ་ གལ་ཆེ་བས་ཟེར་ བཤད་ཡོདཔ་ད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གྲྭ་ཚང་གིས་ དགོངས་ཞུའི་ཟུར་ཕོགས་ དོན་ལུ་ དངུལ་ཀྲམ་ས་ཡ་༡༥༡ ངོས་འཛིན་འབད་དེ་ ད་ལས་ཕར་ ལོ་༡༠ གྱི་རིང་ མ་དངུལ་བཟོ་ཐབས་ལུ་ མ་དངུལ་དེ་ལས་ ལོ་བསྟར་བཞིན་དུ་ སྐྱེད་བརྒྱ་ཆ་༧ རེ་འཐོབ་ནིའི་དོན་ལུ་ མ་རྩ་སྦེ་ བཙུགས་ནིའི་འཆར་གཞི་བཟོ་སྟེ་ཡོད་ཟེར་ཨིན་པས།

ད་རུང་ དངུལ་ཀྲམ་ས་ཡ་༡༠༡ ཡུན་རིང་གི་ མ་དངུལ་བཟོ་ཐབས་དོན་ལུ་ མ་རྩ་བཙུགས་ནིའི་ འཆར་གཞི་བཟོ་ཡོདཔ་ད་ གྲྭ་ཚང་ལྷན་ཚོགས་ཀྱིས་ དངོས་ཞུའི་ཟུར་ཕོགས་དོན་ལུ་ ལག་ལེན་འཐབ་ནིའི་མ་དངུལ་ དངུལ་ཀྲམ་ས་ཡ་༥༠ བྱིན་ནི་སྦེ་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།

ཨོ་རྒྱན་རྣམ་རྒྱལ་གྱིས་ དུས་ཀྱི་བསྒྱུར་བ་དང་འཁྲིལ་ཏེ་ ལོ་ན་རྒས་མི་ཚུ་ བདག་འཛིན་འཐབ་མི་མེདཔ་ལས་ ལོ་ན་རྒས་མི་ དགེ་སློང་དང་ཆོསཔ་ཚུ་ སྡོད་ས་དགའ་ཏོག་ཏོ་དང་ འཚོ་སྐྱོང་ལེགས་ཤོམ་སྦེ་ འཐབ་སྡོད་སའི་ ས་གོ་བཟོ་དགོཔ་ཁག་ཆེ་བས་ཟེར་བཤད་ཅི།

ལོ་ན་རྒས་མིའི་ འཆར་གཞི་ཡིག་ཚང་གི་ འགོ་དཔོན་ཅིག་དང་འཁྲིལཝ་ད་ ལོ་ན་རྒས་མིའི་ མགྱོགས་ཚད་དེ་ མགྱོགས་སུ་འགྱོ་དོ་ཡོདཔ་ལས་ མི་རློབས་ཆུང་བའི་རྒྱལ་ཁབ་ནང་ ཡན་ལག་སྐྱོན་ཞུགས་གྱངས་ཁ་ཡང་ ཡར་སེང་སོང་མི་དེ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ཨིན་མས་ཟེར་བཤད་ཅི།

ཁོ་གིས་ གསལ་སྟོན་འབད་མི་ གནས་སྡུད་དང་འཁྲིལཝ་ད་ མི་རློབས་ལས་ བརྒྱ་ཆ་༧༢.༢༢ དེ་ཅིག་ སེམས་མ་དགའ་བར་སྡོད་དོ་ཡོདཔ་ད་ དེ་གི་འོག་ལས་ རང་རྐྱང་སྦེ་སྡོད་དགོ་པའི་ གནས་སྟངས་ནང་ཡོདཔ་ལས་ བཅའ་ཁྲིམས་ཅིག་ བཟོ་དགོཔ་འདུག་ཟེར་ཨིན་པས།

ལོ་ན་རྒསཔ་ད་ རེ་དགོཔ་ལེ་ཤ་ཡོད་རུང་ དེ་གི་འགན་ཁུར་འབག་མི་ ལས་སྡེ་དང་ ལྷན་ཁག་ཅིག་ཡང་ མིན་འདུག་ཟེར་ཨིནམ་ད་ དམིགས་བསལ་སྦེ་ ངོས་འཛིན་འབད་དེ་ཡོད་པ་ཅིན་ འགན་འཁྲི་དང་འགན་ཁུར་ བཀལ་ཚུགས་ནི་མས་ཟེར་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ ལོ་ན་རྒས་མི་ཚུ་ཡང་ ལོ་ལོ་ཅིག་ གཉེན་མ་རྐྱབ་མི་དང་ ལ་ལོ་ཅིག་ ནད་གཞི་ཡོད་མི་ དེ་ལས་ བུ་གཞི་མེད་མི་ལ་སོགས་པ་ཚུ་འདུག་ཟེར་ཨིནམ་ད་ ལོ་ན་རྒས་མི་ བལྟ་མི་ཚུ་ལུ་ཡང་ དངུལ་ཕོགས་ཡོད་རུང་ བཏུབ་ནི་མས་ཟེར་ཨིན་པས།

ལོ་ན་རྒས་མིའི་ འཆར་གཞི་ཡིག་ཚང་གི་ བཀོད་ཚོགས་ཀྱི་འཐུས་མི་ ཉི་མ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལོ་ན་རྒས་མི་ཚུ་ལུ་ དགོངས་ཞུ་དང་ཟུར་ཕོགས་འཚོ་རྟེན་ཐོབ་ལམ་བཟོ་དགོ་པ་ཅིན་ ཡུན་བརྟན་གྱི་ མ་དངུལ་ཁག་ཆེ་བས་ཟེར་ཨིནམ་ད་ དེ་མིན་ རྒྱལ་ཁབ་འདི་ གོང་འཕེལ་ཆུང་བ་ལས་ བར་མའི་གྲས་ཁར་འཛུལཝ་ད་ ཕྱིའི་གྲོགས་རམ་འཚོལ་རུང་ འཐོབ་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ བཤདཔ་ཨིན་པས།

ཚོགས་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་གིས་ བཤད་མིའི་ནང་ སྲིད་བྱུས་དེ་ལུ་ རྒྱབ་རྟེན་སྦེ་ བཅའ་ཁྲིམས་མེད་པ་ཅིན་ བསྟར་སྤྱོད་འབད་བའི་སྐབས་ ལཱ་ཁག་གཏང་འོང་ཟེར་ཨིན་པས།

ད་ལྟོ་ སྲིད་བྱུས་ཐོག་ལས་ འགོ་བཙུགས་མི་དེ་ འཆར་གཞི་ལེགས་ཤོམ་འགྱོ་བའི་ རྟགས་མཚན་ཅིག་ཨིན་རུང་ ཕྱིའི་རྒྱལ་ཁབ་ཚུ་ལུ་ དཔེ་བལྟ་སྟེ་འབད་རུང་ ལ་ལོ་ཅིག་ནང་ དཔེ་ལེགས་ཤོམ་མིན་འདུག་ཟེར་ བཤདཔ་ཨིན་པས།

ཝེཊ་ནམ་ལུ་ཡོད་མི་ ལོ་ན་རྒས་མི་ཚུ་བཞག་ས་ལུ་ དཔེ་བཟུང་སྟེ་ ཚོགས་དཔོན་བགྲེསཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུ་གཞི་ཕྱུགཔོ་ཚུ་གིས་ ཌོ་ལར་སྟོང་ཕྲག་སྦེ་བྱིན་མི་ཕམ་ཚུ་ གནས་སྟངས་ལེགས་ཤོམ་ནང་ སྡོད་དོ་ཡོད་རུང་ སྤྱང་ཀ་འབད་མི་ཚུ་ གསང་སྤྱོད་ཡང་ སྤྱི་རུབ་ཐོག་ལས་ ལག་ལེན་འཐབ་སྟེ་ གནས་སྟངས་སྐྱོ་དྲགས་ནང་ སྡོད་དགོཔ་བྱུང་སྟེ་འདུག་ཟེར་བཤདཔ་ཨིན་པས།

དེ་བཟུམ་མའི་ གནས་སྟངས་ཨིན་པ་ཅིན་ ལོ་ན་རྒས་མི་ཚུ་བཞག་ས་ནང་ མཐུན་རྐྱེན་ག་བཟུམ་བྱིན་ནི་ཨིན་ན་ཟེར་ དྲི་བཀོད་ འབདཝ་ད་ གཞལམ་སྒང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ པདྨ་ལྷ་མོ་གིས་ སྲིད་བྱུས་བཟོ་མི་དེ་གིས་ ད་ལས་ཕར་ ག་ཅི་འབད་རུང་ དེ་གིས་ལམ་བཟང་སྟེ་ འགྱོ་འོང་ཟེར་ བཤདཔ་ཨིན་པས།

ལས་རིམ་ནང་ བཅའ་མར་གཏོགས་མི་ ལོ་ན་རྒས་མི་ལ་ལོ་ཅིག་གིས་ དགོངས་ཞུའི་འཚོ་རྟེན་དང་ཟུར་ཕོགས་མ་དངུལ་ བཟོ་ནིའི་དོན་ལུ་ འོང་འབབ་ལེགས་ཤོམ་བཟོ་མི་ ལས་སྡེ་ཚུ་གིས་ མདའ་རྩེད་ལ་སོགས་པའི་ འགྲན་བསྡུར་ཚུ་ནང་ མ་དངུལ་གྱི་གྲོགས་རམ་ཚུ་འབད་དོ་ཡོདཔ་ལས་ དངུལ་དུམ་གྲ་རེ་ ལས་རིམ་དེ་ནང་ གཏང་ནི་ཡོདཔ་བཟོ་རུང་ ཁེ་ཕན་འབྱུང་ནི་མས་ཟེར་བཤད་ཅི།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་གཙོ་འཛིན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་ན་རྒས་པའི་སྐབས་ རང་ལུ་ ཏི་རུ་གསོག་འཇོག་མེད་པ་ཅིན་ ཉེན་སྲུང་མེད་པའི་ གནས་སྟངས་ནང་ཐུག་འོང་ཟེར་ཨིནམ་ད་ མི་རློབས་བརྒྱ་ཆ་༩༢ དེ་ཅིག་ལུ་ དགོངས་ཞུའི་ཁེ་ཕན་གྱིས་ ཁྱབ་སྟེ་མིན་འདུག་ཟེར་ བཤདཔ་ཨིན་པས།

གྲྭ་ཚང་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ ཆོས་སྒོར་ནང་ བཞུགས་མི་ཚུ་གིས་ མ་དངུལ་གྱི་གྲོགས་རམ་ཡང་ འབད་མ་ཚུགས་པའི་གནས་སྟངས་ནང་ཡོདཔ་ལས་ ཉེན་སྲུང་མེད་རུང་ དགོངས་ཞུའི་ཟུར་ཕོགས་ཐོབ་ལམ་དེ་ དགོཔ་སྦེ་ཡོད་ཟེར་བཤདཔ་ཨིན་པས།

གྲྭ་ཚང་ལྷན་ཚོགས་ཀྱིས་ འཆར་གཞི་བཟོ་མི་དེ་ ག་དེས་མགྱོགས་མགྱོགས་ ལག་ལེན་འཐབ་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་ཞིནམ་ལས་ ལཱ་ཚུ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སྲིད་བྱུས་བཟོ་བའི་བསྒང་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ འགོ་འབྱེད་འབད་ཚུགས་པའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *