ཆུ་རུད་ཀྱིས་ ཐོགས་ལུས་མི་ སྣུམ་འཁོར་ཚུ།

ལོ་ངོ་བཅུ་ཕྲག་༢ ཀྱི་ཤུལ་ལས་ བཀྲིས་སྒང་ཁྲོམ་ཁར་ ཆུ་རུད་སྦོམ་ཐོན་ཡོདཔ།

༉ ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་ཤུལ་ལས་ བཀྲིས་སྒང་ཁྲོམ་ཁར་ ད་རུང་ ཆུ་རུད་ཐོན་ཏེ་ ཁྲོམ་ཁར་སྡོད་མི་ཚུ་ ཕྱགས་སྙིགས་དང་ རག་རོག་ཚུ་ལས་ཐོན་པའི་ དྲི་ངན་གྱིས་ གང་ཡོད་མི་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ རང་གཤིས་མཁར་ལས་ཐོན་མི་ ཆུ་རུད་ལུ་བརྟེན་ཨིན་པས།
ཆུ་རུད་དེ་གིས་ ཁྲོམ་གྱི་སྦུག་ལས་འགྱོ་མི་ རོང་ཆུ་གི་ གཡས་དང་གཡོན་གཉིས་ཆ་རའི་ནང་ རག་རོག་གིས་གང་མི་ སྟུག་ཚད་ཕིཊ་༧ དེ་ཅིག་ཡོད་མི་ཚུ་ བསལ་ནིའི་དོན་ལུ་ དྲོ་པ་ཧ་སག་ལས་ འཕྲུལ་ཆས་དང་ མི་ཚུ་བཙུགས་དགོཔ་ཐོན་ཡོད་རུང་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རག་རོག་ཚུ་ བསལ་ཚར་ནི་ལུ་ ཟླཝ་༢ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
ཆུ་རུད་དེ་ཡང་ སྤྱི་ཟླ་༧ པའི་ཚུས་༢༢ ཀྱི་ ཕྱི་རུའི་ཆུ་ཚོད་༧ དང་ སྐར་མ་༡༣ དེ་ཅིག་ཁར་ ཁྲོམ་གྱི་སྦུག་ལུ་ཡོད་མི་ མི་ཐི་གྲང་ཆུ་བྲེས་ཏེ་ མདའ་རྩེད་ཐང་གི་ ཉེ་འདབས་ལུ་ཡོད་མི་ ཤིང་ཟམ་ཅིག་ འཕྱགས་འབག་ཡོདཔ་ད་ ཆུ་བྱག་རྐྱབ་ཡོད་མི་ཚུ་ག་ར་ རག་རོག་ཚུ་གིས་གང་ནི་དེ་གིས་ ཁྲོམ་ཁར་ལུ་ འགྲོ་འགྲུལ་འབད་མ་ཚུགསཔ་ བཟོ་ཡོདཔ་ཨིན་པས།
ཨིན་རུང་ ཆུ་བྲེས་ཏེ་ ཆུ་ཚོད་དག་པ་ཅིག་གི་ཤུལ་ལས་ ཆུ་མར་ཕབ་འགྱོ་བའི་ཤུལ་ལས་ འགྲོ་འགྲུལ་འབད་ཚུགསཔ་བཟོ་ཡོད་རུང་ ཁྲོམ་འོག་མའི་ནང་སྡོད་མི་ གུང་པ་༣༠ དེ་ཅིག་ གནས་སྐབས་ཀྱི་དོན་ལུ་ སྐྱིད་གནས་ཁང་ཅིག་ནང་ ཉེན་སྲུང་དོན་ལུ་ སྤོ་བཅུག་ནུག།
ཆུ་རུད་དེ་གིས་ ཁྲོམ་ཁར་ལུ་ གནོད་སྐྱོན་སྦོམ་ག་ནི་ཡང་མ་རྐྱབ་རུང་ ཤ་ཁང་དང་ ཚོད་བསྲེ་བཙོང་སའི་འོག་ཐོག་དང་ ཨ་ལོ་ཚུ་རྩེད་སའི་ཐང་དེ་ རག་རོ་གིས་ག་ར་སྦུབས་ཡོདཔ་ད་ སྣུམ་འཁོར་ཊཱག་གཉིས་རྩིས་ཏེ་ སྣུམ་འཁོར་བཞི་ཐོག་ལུས་ཡོདཔ་ཨིན་པས།
ཆུ་རུད་དེ་གིས་ ཁྲོམ་གྱི་ཆུའི་རྐ་དེ་ཡང་ འཕྱག་འབག་ཡོད་མི་དེ་ ཁ་ཙ་ ཁྲོམ་ཁའི་མི་དང་ཁྲོམ་སྡེའི་ལས་བྱེདཔ་ཚུ་གིས་ བཟོ་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་སླབ་མིའི་ནང་ མི་དམངས་ཀྱི་ས་ཁོངས་ སྨན་ཁང་བཟུམ་ནང་ ཆུ་དགོཔ་ཁག་ཆེ་ནི་དེ་གིས་ ཆུ་བཟོ་ནི་དེ་གཙོ་རིམ་ངོ་མ་ཨིན་ཟེར་བཤད་ཅི།
ལོ་ངོ་༢༤ གི་ཧེ་མར་ ཆུ་རུད་དེ་བཟུམ་ཐོན་པའི་སྐབས་ ཁྲོམ་ཁར་ཡོད་མི་ཁྱིམ་ཚུ་ཡང་ འཕྱགས་འབག་ཡོདཔ་ད་ དེ་བསྒང་ཡང་ མི་ལུ་གནོད་སྐྱོན་མ་རྐྱབ་སྟེ་འབད་རུང་ རྒྱུས་དངོས་ལུ་གནོད་པ་རྐྱབ་ཡོདཔ་ད་ དེ་གི་ཤུལ་ལས་ སྤྱི་ལོ་༡༩༩༤ ལུ་ཡང་ ད་རུང་ ཆུ་རུད་ཐོན་ཡོདཔ་ཨིན་པས།
ཁྲོམ་སྡེའི་འཐུས་མི་གིས་སླབ་མིའི་ནང་ ལོ་ངོ་༡༠༠ དེ་ཅིག་གི་ཧེ་མར་ ཁྲོམ་གྱི་སྦུག་ལུ་ཡོད་མི་ རོང་ཆུ་དེ་གིས་ མི་དང་སེམས་ཅན་ཚུ་ག་ར་ འཕྱག་འབག་ནི་དེ་གིས་ རོང་ཆུ་གི་མིང་དེ་ཡང་ དེ་གི་ཤུལ་ལས་ མི་འཐིམ་པའི་རོང་ཆུ་འབད་ནི་དེ་གིས་ མི་འཐིམ་བྲང་ཟེར་བཏགས་ནུག་ཟེར་བཤདཔ་ཨིན་པས།
ན་ཧིང་གི་ལོ་ནང་ རོང་ཆུ་གི་གཡས་དང་གཡོན་ཁ་ཐུག་ལུ་ ཆུ་བྲེས་པའི་སྐབས་ བཀག་ཐབས་འབད་ནིའི་དོན་ལུ་ ཆུ་བྱག་ཚུ་རྐྱབ་ཡོད་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་སླབ་མིའི་ནང་ ཆུ་བྱག་ཚུ་མེད་པ་ཅིན་ མི་དང་ཁྱིམ་ལུ་ གནོད་པ་སྦོམ་རྐྱབ་རྐྱབ་འོང་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *