ལྷུན་རྩེ་ཕ་གླིང་ཁྲོམ་གྱི་ འཁོར་ལམ་གནས་སྟངས།

ལོ་ངོ་༡༠ ལང་རུང་ ལྷུན་རྩེ་ཁྲོམ་གྱི་གནས་སྟངས་ སྐྱོ་དྲགས་སྦེ་ར་ཡོདཔ།

༉ ལྷུན་རྩེ་ཁྲོམ་ནང་ སྡོད་མི་ཚུ་ ལོ་༡༠ ལང་སོ་རུང་ ཁྲོམ་ལམ་གཡས་གཡོན་གཉིས་ཆ་ར་ལས་ གཡུར་བ་ཚུ་ ཉམས་བཅོས་མེད་པར་ བཞག་མི་ལུ་བརྟེན་ ལམ་ཧ་ཀ་ཧོ་ཀ་ཐོན་ཡོདཔ་ལས་ དཔལ་འབྱོར་ལུ་ ཐོ་ཕོག་སྟེ་འདུག།
ལྷུན་རྩེ་དང་ མོང་སྒར་གྱི་བར་ན་ འགྲོ་འགྲུལ་འབད་མི་ འགྲུལ་སྐྱེལ་བཱསི་གི་དེད་གཡོགཔ་ མིག་དམར་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་ལམ་གྱི་ རྩི་ནག་སྦོག་འགྱོ་མི་ཚུ་ ཉམས་བཅོས་མ་འབད་བའི་ཁར་ ལམ་ཧ་ཀ་ཧོ་ཀ་མངམ་སྦེ་ ཐོན་ཡོད་མི་དེ་གིས་ འཕྲལ་འཕྲལ་ར་ སྣུམ་འཁོར་བཅོ་ཁ་རྐྱབ་དགོཔ་ ཐོནམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༢ ལང་མི་ མིག་དམར་རྡོ་རྗེ་གིས་འབད་བ་ཅིན་ ཁྲོམ་ནང་ འགྲུལ་སྐྱེལ་བཱསི་བདའ་སྟེ་ ལོ་༡༠ ལྷག་སོང་རུང་ འཁོར་ལམ་ཉམས་བཅོས་འབད་སར་ མ་མཐོང་ཟེར་ཨིན་པས།
ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༡ པའི་སློབ་ཕྲུག་ བཀྲིས་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་ལམ་གཡས་དང་ གཡོན་ལས་ཕར་ ཆུའི་གཡུར་བ་མེདཔ་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་གིས་ བཙོག་ཆུ་གཏོར་བྱིན་མི་ལུ་བརྟེན་ སློབ་ཕྲུག་དང་ རྐང་འགྲུལ་པ་ཚུ་ལུ་ བྱ་སྟབས་མ་བདེཝ་ བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བྱཱ་ལུ་ ཆརཔ་དང་ གནམ་དགུན་ལུ་ ཐལཝ་གིས་ དྲོ་པ་སློབ་གྲྭ་ནང་འགྱོཝ་ད་ དཀའ་ངལ་བྱུང་དོ་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ སློབ་ཕྲུག་དང་ སྤྱིར་བཏང་མི་སེར་ཚུ་གི་ མཐའ་དོན་ལུ་ རྐང་ལམ་སོ་སོར་ཅིག་ བསལ་གནང་དགོཔ་འདུག་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་ པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ རྫོང་ཁག་ཁྲོམ་གྱི་ གནས་སྟངས་དེ་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ སྐྱོ་དྲགས་ཐལ་ཡོད་མི་དེ་ཡང་ ལམ་ཉམས་བཅོས་འབད་མ་ཚུགས་པའི་ཁར་ བཙོག་ཆུ་འགྱོ་སའི་ གཡུར་བ་མེདཔ་ལས་ ཁྲོམ་ནང་སྡོད་མི་དང་ ཕར་ཚུར་འགྲོ་འགྲུལ་འབད་མི་ མི་སེར་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་མི་ཚུགས་པས་ཟེར་ཨིན་པས།
ཚོང་པ་ཅིག་གིས་ རྫོང་ཁག་ནང་ ཕྱག་ལཱ་གནང་མི་ཚུ་གིས་ ལོ་བསྟར་གྱི་ གྲུབ་འབྲས་སྙན་ཞུ་ནང་ བལྟ་བ་ཅིན་ བརྒྱ་ཆ་ལས་བརྒྱ་ཆ་ ལཱ་གི་གྲུབ་འབྲས་ཐོན་ཡོདཔ་ལས་ དེ་ཚུ་ གཞི་ག་ཅི་ལུ་བཞག་སྟེ་ གྲུབ་འབྲས་གསལ་སྟོན་འབད་ཡོདཔ་ཨིན་ན་ དོགས་པ་ཡོདཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ག་དེ་སྦེ་ ཞིབ་དཔྱད་འབད་དོ་ག་ ཐེ་ཚོམ་ཆགས་ཏེ་ཡོད་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ཁྲོམ་ནང་ མོང་སྒར་གླིང་མི་ཐང་ལུ་ ཡན་ལག་ཁྲོམ་ཆགས་ཡོད་མི་དེ་ནང་ གཞི་རྟེན་མཐུན་རྐྱེན་ གཞི་བཙུགས་འབད་དེ་ཡོད་མི་བཟུམ་ཅིག་ར་ མཐུན་རྐྱེན་བཙུགས་མ་ཚུགས་པར་ཡོད་མི་དེ་ གནད་དོན་ག་ཅི་ཨིན་ན་ ཤེས་མ་ཚུགས་པའི་ཁར་ ཕྱིའི་མགྱོནམ་དང་ རྒྱལ་ཁབ་ནང་འཁོད་ཀྱི་མི་སེར་ དེ་ལས་ སྐུ་ཆེནམོ་ཚུ་ གཟིགས་སྐོར་ལུ་བྱོནམ་ད་ ཕྱིའི་མཐོང་སྣང་དང་ ནང་ན་ལས་ གཙང་སྦྲ་དང་ལྡནམ་སྦེ་ ག་ནི་ཡང་མེདཔ་ལས་ སེམས་ཕམ་བྱུངམ་མས་ཟེར་ ཚོང་པ་དེ་གིས་ བཤདཔ་ཨིན་པས།
དེ་ལས་ ཁྲོམ་ནང་སྡོད་མི་ ཚོང་པ་ཚུ་ གོང་འཕེལ་གཏང་དགོ་པ་ཅིན་ སྤྲོ་སྟོན་ལས་རིམ་ དཔེར་ན་ སྒྲ་དབྱངས་དང་ ཆང་ཁང་ནང་ ཕྱི་རུ་གླུ་གཞས་འཐེན་མི་ དེ་ལས་ རྩེད་རིགས་ ཨིསི་ནུ་ཀར་ཚུ་ཡང་ གཞི་བཙུགས་འབད་ནིའི་ དུས་ཚོད་ན་འཐན་རན་ཡི་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ སྐལ་བཟང་གིས་ ཁྲོམ་ནང་ བྱ་སྟབས་མ་བདེ་བའི་ དཀའ་ངལ་དུམ་གྲ་རེ་ ཐོན་ཡོད་རུང་ རྫོང་ཁག་གིས་ བདག་མེད་སྦེ་ མ་བཞག་པར་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དེ་ར་ཡོད་ཟེར་ བཤདཔ་ཨིན་པས།
དེ་གིས་མ་དོ་བར་ འཆར་གཞི་༡༢ པའི་ནང་ ཁྲོམ་ལམ་རྒྱ་སྐྱེད་འབད་དེ་ སྣུམ་འཁོར་༢ ཤོང་པའི་ལམ་ བསལ་ནི་དང་ གཡུར་བ་ འཐུང་ཆུ་ཉམས་བཅོས་ ཚོད་བསྲེ་ཁྲོམ་ གསང་སྤྱོད་ དེ་ལས་ ཁྲོམ་གོང་འཕེལ་གཏང་ནིའི་ལས་རིམ་ཚུ་ ཚུད་དེ་ཡོདཔ་མ་ཚད་ འཆར་དངུལ་དེ་ཡང་ གཞུང་གསརཔ་གིས་ གནང་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ འཆར་གཞི་༡༢ པའི་ ལོ་དང་པའི་ནང་ རྫོང་ཉེ་འདབས་ལུ་ཡོད་པའི་ ཉ་སྐད་ཐང་ལས་ འབྲུག་གློག་མེ་ལས་འཛིན་གྱི་ ཡིག་ཚང་ཚུན་ ཀི་ལོ་མི་ཊར་༢ ལྷགཔ་ཅིག་འབད་མི་ འཁོར་ལམ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ མ་དངུལ་ས་ཡ་༣༠ དེ་ཅིག་ བཞག་སྟེ་ཡོདཔ་ལས་ ཞབས་ཏོག་སྤྲོད་ཚུགས་ཟེར་ཨིན་པས།
འཆར་གཞི་༡༢ པའི་ལོ་༥ གི་ཤུལ་ལས་ ལྷུན་རྩེ་རྫོང་ཁག་ ཕ་གླིང་ཁྲོམ་གྱི་ གནས་ཚད་དེ་ ག་དེམ་ཅིག་གུ་ ལྷོད་ནི་ཨིན་ན་ མི་སེར་ཚུ་གིས་ མ་ཤེསཔ་མེད་ཟེར་ཨིན་པས།
ཕ་གླིང་ཁྲོམ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཚོང་པ་༢༨ ལུ་ གཞུང་ས་གནང་མི་ལས་ ད་ལྟོ་ཚུན་ ཚོང་པ་༡༣ གྱིས་ སྒྲིང་ཁྱིམ་རྐྱབ་ཚར་ཏེ་ཡོདཔ་ད་ ད་རུང་ ཚོང་པ་༡༠ དེ་ཅིག་གིས་ སྒྲིང་ཁྱིམ་རྐྱབ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *