ལེགས་བསྒྱུར་དང་གདོང་ལེན།

༉ འཛམ་གླིང་གཅིག་གྱུར་འགྱོ་བའི་ ནམ་དུས་ལུ་ འབྲུག་རྒྱལ་ཁབ་ནང་ཡང་ ལེགས་བསྒྱུར་ལེ་ཤ་སོང་ཡོདཔ་མ་ཚད་ བསྒྱུར་བཅོས་འགྱོ་མ་ཚུགས་པར་ ལུས་མི་ཡང་ལེ་ཤ་ཡོདཔ་ཨིན།
མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མའི་ སྙན་ཞུ་དེ་ནང་ འདས་པའི་ལོ་ངོ་༡༢ ཀྱི་རིང་ལུ་ མི་སྡེ་དཔལ་འབྱོར་བསྒྱུར་བཅོས་སོང་མི་དང་ དབུལ་ཕོངས་ཀྱི་ དཀའ་ངལ་ཚུ་ཡང་ གསལ་བཀོད་འབད་དེ་ཡོད་པའི་ཁར་ འབྲུག་འདི་ དམངས་གཙེའི་རིང་ལུགས་ཀྱི་ ལམ་ཕྱོགས་ལུ་ ཞུགས་ཞིནམ་ལས་ཚུར་ སོར་བསྒྱུར་ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ན་ གསལ་སྟོན་འབད་ནུག།
རྒྱལ་ཁབ་ནང་ འབྲི་ལྷག་གི་ ཤེས་ཡོན་ཡོད་མི་ མི་འབོར་མངམ་ཡོད་པའི་ཁར་ མིའི་ཚེ་ཚད་ཡང་ ཡར་སེང་སོང་སྟེ་ཡོད་མི་དེ་ཡང་ འབྲི་ལྷག་གི་ ཤེས་ཡོན་ཚད་གཞི་ བརྒྱ་ཆ་༧༡.༤ ལུ་ ལྷོད་མི་དེ་ བརྒྱ་ཆ་༡༡.༩ ཡར་སེང་སོང་ཡོདཔ་ད་ འབྲུག་མི་མཐོ་རིམ་གོང་མའི་ ཤེས་ཚད་ལྡན་མི་ཡང་ ལེ་ཤ་ཡོདཔ་ལས་ འདི་བཟུམ་བསྒྱུར་བཅོས་སོང་མི་དེ་ ག་ཅི་ཨིན་ན་ མི་ཚུ་གིས་ དྲི་བ་བཀོད་དགོཔ་འདུག།
སྲིད་བྱུས་རྩམ་མི་ཚུ་གིས་ འབྲི་ལྷག་གི་ ཤེས་ཡོན་གནས་ཚད་ ཡར་སེང་འགྱོ་མི་ལུ་ ལེགས་བསྟོད་བརྗོད་ནི་དང་ དཔའ་ཉམས་བསྐྱེདཔ་དང་གཅིག་ཁར་ ཚ་གྱང་ལང་དགོཔ་ཡོད་མི་དེ་ཡང་ ང་བཅས་རའི་ ན་གཞོན་ཚུ་གིས་ ཆེ་རིམ་ཤེས་ཡོན་སྦྱང་ཚརཝ་ད་ ལཱ་གཡོག་མ་ཐོབ་མིའི་ གྱངས་ཁ་ཡང་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་འགྱོཝ་ཨིན་མས།
དེ་འབདཝ་ད་ འདས་པའི་ལོ་༡༢ ཀྱི་ནང་ བསྒྱུར་བཅོས་འབད་མ་ཚུགས་མི་དེ་ ང་བཅས་རའི་མི་ཚུ་ གྲོང་གསེབ་ལས་ ཁྲོམ་སྡེ་ནང་ གནས་སྤོ་འགྱོ་མི་དེ་ཨིནམ་ད་ འབྲུག་མི་མང་ཤོས་ར་ རང་སོའི་གཡུས་བཞག་སྟེ་ ཁྲོམ་སྡེ་ཚུ་ནང་ འོང་ཐོག་ལས་ ཁང་གླར་ལེན་ཏེ་ སྡོད་དོ་ཡོདཔ་ལས་ གཙང་སྦྲ་དང་ལྡན་པའི་ མཐུན་རྐྱེན་ཚུ་གི་ ཐོབ་སྤྱོད་མེད་པའི་ གདོང་ལེན་བྱུང་སྟེ་འདུག།
དེ་ཡང་ མི་རློབས་མང་ཤོས་ཡོད་མི་ ཐིམ་ཕུག་དང་ བསམ་རྩེ་ ཆུ་ཁ་རྫོང་ཁག་གསུམ་ནང་ ཁྱིམ་གུང་༤,༠༠༠ ལྷགཔ་ཅིག་ལུ་ གཙང་སྦྲ་འཕྲོད་བསྟེན་གྱི་ མཐུན་རྐྱེན་ཚུ་ ཚུལ་ལྡན་མེད་པར་ སྡོད་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ མི་རློབས་བརྒྱ་ཆ་༢ ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་མེདཔ་ལས་ འབྲེལ་ཡོད་དབང་འཛིན་གྱིས་ མི་སེར་༣,༣༢༥ ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་སྤྱོད་ཚུགསཔ་ བཟོ་ནི་གི་ བརྩོན་ཤུགས་བསྐྱེད་དགོ།
ཐིམ་ཕུག་ལུ་འབད་བ་ཅིན་ ཁྱིམ་གུང་པ་༤,༩༠༨ དང་ བསམ་རྩེ་ལུ་༤,༡༠༣ དེ་ལས་ ཆུ་ཁ་ལུ་ གུང་པ་༤,༠༨༢ ཀྱིས་ གསང་སྤྱོད་ཚུལ་ལྡན་མེད་མི་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཧཱ་དང་ མགར་ས་ དེ་ལས་ ལྷུན་རྩེ་རྫོང་ཁག་ནང་ ཁྱིམ་གུང་པ་༡,༠༠༠ དེ་ཅིག་གིས་ཡང་ ཚུལ་ལྡན་མེད་པའི་ གསང་སྤྱོད་ལག་ལེན་འཐབ་དོ་ཡོདཔ་ཨིན་མས།
ད་རུང་ ཁྱིམ་གུང་༢༩,༩༧༣ ལུ་ ཡུན་བརྟན་གྱི་ འཐུང་ཆུ་མེད་པའི་ཁར་༡,༤༠༠ དེ་ཅིག་གིས་ འཐུང་ཆུ་ལེན་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༡ ལས་ལྷག་ ལམ་འགྱོ་དགོ་དོ་ཡོདཔ་ཨིན་མས།
སྤྱི་ལོ་༢༠༡༧ ལོའི་འཚོ་བའི་གནས་ཚད་བརྟག་ཞིབ་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ མི་སེར་ཚུ་གི་དོན་ལུ་ དུས་ཚོད་ཁར་དང་ རྒྱུན་མ་ཆད་པར་ འཐུང་ཆུ་བཀྲམ་སྤེལ་དང་ འཁོར་ལམ་གྱི་ཡོངས་འབྲེལ་ ལེགས་བཅོས་འབད་ནི་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ཚུ་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་མས།
མི་སེར་ཚུ་གི་དོན་ལུ་ གཞུང་གི་ཁ་ཐུག་ལས་ གཞི་རྟེན་ཞབས་ཏོག་ཚུ་ ཐོབ་སྤྱོད་འབད་ཚུགསཔ་ བཟོ་ནི་དེ་ གལ་ཆེ་དྲགས་ཨིན་རུང་ ད་རེས་ནངས་པར་ གཞི་རྟེན་མཐུན་རྐྱེན་ འཐུང་ཆུ་དང་ གཙང་སྦྲ་དང་ལྡན་པའི་ གསང་སྤྱོད་ཀྱི་ ཐོབ་སྤྱོད་མེད་མི་ལུ་ལྟཝ་ད་ ཕྱག་ལཱ་རྒྱ་ཆེཝ་སྦེ་ མ་མཛདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
འདི་བཟུམ་མའི་ གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་མཁོ་སྤྲོད་འབད་མ་ཚུགས་མི་ལུ་ བལྟ་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་གནས་སྟངས་དང་ གོང་འཕེལ་དུམ་གྲ་ཅིག་ལས་ མ་འགྱོ་མི་ རྒྱལ་ཁབ་ཚུ་ལས་ ཕྱིར་འཐོན་འབད་ནི་དེ་ གདོང་ལེན་ཅན་ འོང་ནི་བཟུམ་མཐོངམ་མས།
ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ གོང་འཕེལ་རྒྱ་ཆེ་དྲགས་སྦེ་ སོང་ཡོད་རུང་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་ནི་དང་ འཐུང་ཆུའི་ཐོབ་སྤྱོད་ཡོདཔ་ བཟོ་ནི་དེ་ གདོང་ལེན་སྦོམ་ཤོས་ཅིག་སྦེ་ར་ གནས་ཡོད་མི་དེ་ སེལ་ཐབས་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདུག།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *