ལུས་སྦྱོང་མཐུན་རྐྱེན་ཚུ་གིས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་ལུ་ ཕན་ཁྱད་བྱུང་སྟེ་ཡོདཔ།

༉ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ བཀྲིས་སྒང་ལུ་སྡོད་མི་ རྡོ་རྗེ་སྒྲོལ་མ་གིས་ སྨན་ཁང་ནང་འགྱོ་སའི་ ལམ་འོག་ལུ་ཡོད་པའི་ ལུས་སྦྱོང་ས་ཁོངས་ནང་ ལུས་སྦྱོང་འབད་བར་ འགྱོཝ་ཨིན་པས།

མོ་གིས་ ཨ་རྟག་ར་ དུས་ཚོད་ཅིག་བཏོན་ཏེ་ ལུས་སྦྱོང་འབད་བར་འགྱོ་དོ་ཡོདཔ་ད་ མོ་བཟུམ་སྦེ་ ས་གནས་ཀྱི་ མི་ཚུ་གིས་ཡང་ ལུས་སྦྱོང་འབད་བར་ འགྱོ་དོ་ཡོདཔ་ཨིན་པས།

ལུས་སྦྱོང་ས་ཁོངས་དེ་ བཀྲིས་སྒང་ཁྲོམ་སྡེ་གིས་ ལོ་༢ དེ་ཅིག་གི་ཧེ་མར་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ ས་གནས་ནང་སྡོད་མི་ཚུ་ལུ་ ཁེ་ཕན་བྱུང་སྟེ་འདུག།

ས་གནས་ནང་སྡོད་མི་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ལུས་སྦྱོང་མཐུན་རྐྱེན་ལུ་བརྟེན་ གཟུགས་ཁམས་སྒྲིང་སྒྲི་བཞག་ཚུགས་པས་ཟེར་ཨིནམ་ད་ དེ་གིས་ སྒལ་ཏོ་དང་ པུས་མོ་ན་མི་ཚུ་ དྲག་ཚུགས་པས་ཟེར་ཨིན་པས།

མོ་གིས་ ཨ་རྟག་ར་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ ལུས་སྦྱོང་འབད་དོ་ཡོདཔ་ད་ མོ་རའི་གཟུགས་ཁར་ གུ་རམ་གྱི་ཚད་གཞི་ ཡར་སེང་སོང་ཡོདཔ་ལས་ དྲུང་འཚོ་ཚུ་གིས་ ལུས་སྦྱོང་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

ལུས་སྦྱོང་འབད་མི་གིས་ ཕྱི་ནང་གཉིས་ཆ་ར་ལུ་ ཕན་ཁྱད་འདུག་ཟེར་ རྡོ་རྗེ་སྒྲོལ་མ་གིས་ བཤད་པའི་ཁར་ ལུས་སྦྱོང་ལུ་བརྟེན་ གཟུགས་ཁའི་གུ་རམ་གྱི་ཚད་གཞི་ཡང་ མར་བབས་སོང་ཡི་ཟེར་ཨིནམ་ད་ ས་གནས་ནང་ སྡོད་མི་ཚུ་གིས་ ལུས་སྦྱོང་གི་ཅ་ཆས་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་པས།

རྡོ་རྗེ་སྒྲོལ་མ་བཟུམ་སྦེ་ ཨ་ལོའི་ཨའི་ ཀརྨ་གཡུ་སྒྲོན་གྱིས་འབད་རུང་ དུས་རྒྱུན་དུ་ ལུས་སྦྱོང་ས་ཁོངས་དེ་ མོ་རའི་ཁྱིམ་གྱི་ སྦོ་ལོགས་ཁར་འབདཝ་ལས་ ལུས་སྦྱོང་ཅ་ཆས་ཚུ་ ལག་ལེན་འཐབ་སྟེ་ ལུས་སྦྱོང་འབད་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ དུས་ཚོད་ནམ་འཐོབ་རུང་ ལུས་སྦྱོང་ས་ཁོངས་ནང་ དྲོ་པ་ཚར་གཅིག་དང་ ཕྱི་རུ་ཚར་གཅིག་ ལུས་སྦྱོང་འབད་བར་འགྱོ་དོ་ཟེར་ཨིནམ་ད་ དེ་གིས་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་ལུ་ ཁེ་ཕན་འདུག་ཟེར་ཨིན་པས།

ལུས་སྦྱོང་འབད་ནིའི་ སྤྲོ་བ་ཡོད་མི་ཚུ་ལུ་ ལུས་སྦྱོང་ས་ཁོངས་དེ་ མེད་ཐབས་མེདཔ་ཅིག་ལུ་གྱུར་ཡོདཔ་ད་ ས་གནས་ཀྱི་མི་ཚུ་གིས་ མང་ཤོས་ར་ ལུས་སྦྱོང་ཅ་ཆས་ཚུ་ ཕྱི་རུ་དང་ ཡིག་ཚང་གི་ དུས་ཡུན་རྫོགས་ཞིནམ་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ལུས་སྦྱོང་འབད་བར་འོང་མི་ སངས་རྒྱས་ཀྱིས་འབད་བ་ཅིན་ ལུས་སྦྱོང་ས་ཁོངས་ལུ་བརྟེན་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་ལུ་ ཕན་ཐོགས་འདུག་ཟེར་ཨིནམ་ད་ ལུས་སྦྱོང་ཅ་ཆས་ཚུ་ ལག་ལེན་འཐབ་པ་ཅིན་ རྐང་ཚིགས་ལག་ཚིགས་ཀྱི་ གཤག་བཅོས་འབད་མི་ཚུ་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མར་ ལུས་སྦྱོང་ས་ཁོངས་ནང་ མི་མ་ཤོངམ་སྦེ་འོང་ནི་ཡོདཔ་ལས་ ལུས་སྦྱོང་འབད་ནིའི་དོན་ལུ་ སྒུག་སྡོད་དགོ་ཟེར་ཨིན་རུང་ ད་རེས་ནངས་པར་ དེ་ཅིག་ར་ མཐོང་མི་ཚུགས་པས་ཟེར་ཨིན་པས།

ལོ་ན་སྨིན་མི་དང་ ན་གཞོན་རྐྱངམ་གཅིག་མེན་པར་ རྒས་ཤོས་ཚུ་གིས་འབད་རུང་ ལུས་ལུས་སྦྱོང་འབད་ནིའི་དོན་ལུ་ སྒུག་སྡོད་དགོ་ཟེར་ས་ཁོངས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༦༥ ལང་མི་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ནད་གཞི་ཐོབ་པའི་ཤུལ་ལུ་ ལམ་འགྱོ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ལུས་སྦྱོང་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།

ལུས་སྦྱོང་འབད་སའི་ ས་ཁོངས་མེད་པ་ཅིན་ ད་རེས་ ཁོ་ར་ ལམ་འགྱོ་མ་ཚུགསཔ་འོང་ཟེར་ བློ་བཟང་རྡོ་རྗེ་གིས་ བཤད་པའི་ཁར་ ད་རེས་ ལམ་འགྱོ་ཚུགས་མི་དེ་ ལུས་སྦྱོང་ས་ཁོངས་ཀྱི་ ཁེ་ཕན་ཨིནམ་ལས་ ལུས་སྦྱོང་མཐུན་རྐྱེན་ཚུ་གིས་ ཁོ་རའི་དོན་ལུ་འབད་བ་ཅིན་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།

བློ་བཟང་རྡོ་རྗེ་གིས་འབད་རུང་ ཨ་རྟག་ར་ ལུས་སྦྱོང་འབད་བར་འགྱོ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ རྒས་ཤོས་གཞན་མི་ཚུ་གིས་འབད་རུང་ ལུས་རྩལ་གྱི་ཅ་ཆས་ཚུ་ ལག་ལེན་འཐབ་ནི་ཡོད་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ ཁོ་ར་ རྐང་སྟོང་སྦེ་ ལུས་སྦྱོང་འབད་བར་འགྱོ་ནི་ཡོད་རུང་ ལུས་རྩལ་མཐུན་རྐྱེན་ཚུ་ ལག་ལེན་འཐབ་ནི་མེད་ཟེར་ཨིནམ་ད་ དྲོ་པ་དང་ཕྱི་རུ་ ས་གནས་ཀྱི་མི་ཚུ་གིས་ ལུས་རྩལ་ས་ཁོངས་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ནི་ཡོད་ཟེར་ཨིན་པས།

ལུས་རྩལ་ཅ་ཆས་བཙུགས་མི་ལུ་ ཁེ་ཕན་ཡོད་ལུགས་བཤད་ནི་ཡོད་རུང་ ཨ་ལོ་ཆུང་ཀུ་རྩེདམོ་རྩེད་སའི་ས་ཁོངས་ ལེགས་བཅོས་མ་འབད་མི་དེ་ལུ་ སེམས་དང་མ་ལྡན་པས།

ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ ཨ་ལོའི་རྩེདམོ་རྩེད་སའི་ས་ཁོངས་དེ་ ཉེན་སྲུང་དང་ལྡན་སྦེ་མེདཔ་ལས་ ཨ་ལོ་ཚུ་བརྡུང་ནིའི་ཉེན་ཁ་འདུག་ཟེར་ཨིནམ་པས།

ཨ་ལོ་ཚུ་ རྩེདམོ་རྩེད་སའི་ས་ཁོངས་དེ་ སྤྱི་ལོ་༢༠༡༨ ལུ་ ས་རུད་ཆད་པའི་སྐབས་ མེདཔ་ཐལ་བའི་ཤུལ་ལས་ ལེགས་བཅོས་དུམ་གྲ་རེ་འབད་ཡོད་རུང་ ད་རེས་ ལག་ལེན་འཐབ་མ་བཏུབ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ ས་གནས་ནང་སྡོད་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *