ལུས་རྩལཔ་ཅིག་གིས་ འབྲུག་གཟུགས་སྟོབས་ཚོགས་པ་ལུ་ ཁ་ཉེས་བཀལ་མི་ བདེན་པ་མེདཔ།

༉ འཕྲལ་ཁམས་ཅིག་ཁར་ མོང་གོ་ལི་ཡ་ལུ་ འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ནང་ལས་ འབྲུག་པའི་ལུས་རྩལཔ་ཅིག་གིས་ གསེར་གྱི་རྟགས་མ་ འཐོབ་ནི་ལུ་ བཀག་ཆ་འབད་བའི་སྐོར་ལས་ འབྲུག་གཟུགས་སྟོབས་ཚོགས་པ་དང་ ཚོགས་པའི་གཙོ་འཛིན་ལུ་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
ལུས་རྩལཔ་སངས་རྒྱས་ཚུལ་ཁྲིམས་ཀྱིས་ ཁོ་རའི་ མི་སྡེའི་བརྡ་བརྒྱུད་ ཕེསི་བུག༌གདོང་དེབ་ནང༌ དུས་ཡུན་སྐར་མ་༧ འབད་མི་ གློག་བརྙན་ཐུང་ཀུ་ཅིག་ བཟོ་ཐོག་ལས་ ཁ་ཉེས་བཀལ་མི་དང་འཁྲིལཝ་ད་ འབྲུག་གཟུགས་སྟོབས་ཚོགས་པ་དང་ གཙོ་འཛིན་གྱིས་ འགྲན་བསྡུར་ནང་ རྒྱབ་སྐྱོར་མ་འབད་བའི་ཁར་ སྲིད་བྱུས་དང་ འཇིགས་སྐུལ་ཐོག་ལས་ ཁོ་མ་ལུ་ དམའ་ཕབ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཟུགས་སྟོབས་སེན་ཊི་མི་ཊར་༡༧༥ གི་ དབྱེ་ཁག་འགྲན་བསྡུར་འབད་བའི་སྐབས་ དྲང་དཔོན་༨ ཡོད་མིའི་གྲས་ལས་ དྲང་དཔོན་༤ གིས་ ཁོ་ལུ་ རྒྱལ་ཁ་འཐོབ་ནི་དེ་ ཐག་ཆོད་ཨིན་ཟེར་ སླབ་དེས་ཟེར་ སླབ་ཨིན་པས།
ཨིན་རུང་ འགྲན་བསྡུར་འབད་ཚར་ཏེ་ གྲུབ་འབྲས་བཏོན་པའི་སྐབས་ ཨང་དང་པ་དང་༢ དེ་ལས་༣ འཐོན་ནི་ཕར་བཞག་ ཨང་༤ པ་ཐོན་མི་ལུ་བརྟེན་ སེམས་ཕམ་སྦོམ་སྦེ་ར་ བྱུང་ཡི་ཟེར་ སངས་རྒྱས་ཚུལ་ཁྲིམས་ཀྱི་ ཕེསི་བུག༌ནང་ སླབ་ནུག།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གྲུབ་འབྲས་ཐོན་མི་དེ་ ང་བཅས་ནང་དོག་གི་ མི་ཚུ་གིས་ར་ མེདཔ་བཏང་ཡི་ཟེར་ཨིནམ་ད་ འགྲན་བསྡུར་ནང་ ཁོ་རའི་ཁ་ཐུག་ལས་ ག་དེ་དྲག་དྲག་ རྩ་འགེངས་དོ་འགྲན་ འབད་ཡི་ཟེར་ཨིན་པས།
འབྲུག་གཟུགས་སྟོབས་ཚོགས་པའི་ནང་ གཅིག་གིས་ཅིག་ལུ་ རྒྱབ་སྐྱོར་བྱིན་ནི་ཕར་བཞག་ ང་རྒྱལ་ཐོག་ལས་ གཅིག་གིས་གཅིག་ལུ་ དམའ་ཕབ་འབད་ནིའི་ རྩིས་རྐྱབ་སྡོད་པའི་ཁར་ ཁོ་ར་ འགྲན་བསྡུར་ནང་ མ་འོངས་པའི་ཧེ་མ་དང་ འགྲན་བསྡུར་ནང་ ལྷོད་ཞིནམ་ལས་འབད་རུང་ ཚོགས་པ་གིས་ ལེགས་ཤོམ་སྦེ་ བརྩི་མཐོང་བསྐྱེད་མ་བཏུབ་ཟེར་ཨིན་པས།
སངས་རྒྱས་ཚུལ་ཁྲིམས་ཀྱིས་ ཕེསི་བུག༌ནང་ སླབ་མི་དང་འཁྲིལཝ་ད་ ཚོགས་པའི་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་རྡོ་རྗེ་དེ་ མ་གཞི་ ཚོགས་པ་ནང་ལས་ དགོངསམ་ཞུ་དགོཔ་སྦེ་ཨིན་རུང་ ད་ལྟོ་ ཚོགས་པའི་ འགོ་དཔོན་ཅིག་སྦེ་ སྡོད་མི་ལུ་བརྟེན་ ཁོ་ར་ འབྲུག་ལུ་ལྷོད་ཞིནམ་ལས་ བཞག་ར་མི་བཞག་ཟེར་ཨིན་པས།
གཙོ་འཛིན་དེ་གིས་ སངས་རྒྱས་ཚུལ་ཁྲིམས་ཁོ་ར་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིན་ཟེར་ སླབ་པའི་ཉིནམ་ལས་ འགོ་བཟུང་སྟེ་ ཁོ་གིས་ མ་འདྲཝ་ཅིག་སྦེ་ར་ བརྩི་མཐོང་བསྐྱེད་པའི་ཁར་ ཚོགས་པ་གིས་འབད་རུང་ འགྲན་བསྡུར་གྱི་དོན་ལུ་ ཁོ་ལུ་ མ་དངུལ་ཡང་ གྲོགས་རམ་ག་ནི་ཡང་ འབད་མ་བྱིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྩེད་རིགས་དེ་ ཡར་དྲག་གཏང་ནིའི་དོན་ལུ་ ཁོ་གིས་ ཁོ་རའི་ལཱ་གཡོག་ བཀོག་བཞག་ཐོག་ལས་ རྩེད་རིགས་དེ་ལུ་ སེམས་ཤུགས་བསྐྱེད་དེ་ གསེར་གྱི་རྟགས་མ་འཐོབ་ནི་ལུ་ ལཱ་རྩ་འགེངས་ཏེ་ འབད་ཡི་ཟེར་ཨིནམ་ད་ ད་རེས་ཀྱི་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་དེ་ ཁོ་གི་དོན་ལུ་ མཇུག་ཨིན་ཟེར་ཨིན་པས།
ཁོ་གིས་ ལུས་རྩལ་དེ་ ད་ལས་ཕར་འབད་རུང་ བཀོག་མ་བཞག་པར་ ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ འཕྲོ་མཐུད་དེ་ར་ རྩེ་འགྲན་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
གནད་དོན་དེའི་ཐོག་ལུ་ ཁ་ཙ་ འབྲུག་གཟུགས་སྟོབས་ཚོགས་པ་གིས་ མི་སྡེ་བརྡ་བརྒྱུད་ ཕེས་བོཊ་ནང་ དོགས་སེལ་འབད་མིའི་ནང་ སངས་རྒྱས་ཚུལ་ཁྲིམས་ཀྱིས་ ཚོགས་པའི་གཙོ་འཛིན་ལུ་ ངན་ལྷད་དང་ སྲིད་བྱུས་ངན་པ་འབད་བའི་སྐོར་ལས་ དགོད་བྲ་སི་སི་གི་ ཁ་ཉེས་བཀལ་ནུག་ཟེར་ཨིན་པས།
སངས་རྒྱས་ཚུལ་ཁྲིམས་ཀྱིས་ མ་བདེན་པའི་གཏམ་ཚུ་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་པའི་སྐབས་ མི་ཚུ་ལུ་ བློ་གཏད་མ་ཚུགསཔ་དང་ མ་འགྲིགཔ་འགྱོཝ་མས་ཟེར་ཨིནམ་ད་ ཚོགས་པའི་གཙོ་འཛིན་དེ་ གཡོ་སྒྱུ་དང་ སྲིད་བྱུས་ངན་པ་འབད་ནི་ཕར་བཞག་ རྒྱལ་ཁབ་ནང་འཁོད་མ་ཚད་ དམིགས་བསལ་དུ་ གཟུགས་སྟོབས་ཀྱི་བཟའ་ཚང་ནང་ གུས་ཞབས་དང་ བརྩི་བཀུར་འབད་བཞིན་དུ་ཡོད་ཟེར་ དོགས་སེལ་ཡི་གུ་ནང་ བཀོད་ནུག།
དེ་མ་ཚད་ གཙོ་འཛིན་གྱིས་ ཚོགས་པ་དེ་ ཡར་དྲག་གཏང་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ གནང་སྟེ་ཡོདཔ་ད་ ད་ལྟོ་ མོང་གོ་ལི་ཡ་ལུ་ འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་སྟེ་ གསེར་གྱི་རྟགས་མ་༡ དང་ ལི་གི་རྟགས་མ་༢ ཐོབ་མི་དེ་ ཁོ་གིས་ ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ ཨེ་ཤི་ཡཱན་འགྲན་བསྡུར་ནང་ལས་ སངས་རྒྱས་ཚུལ་ཁྲིམས་ཀྱིས་ གསེར་གྱི་རྟགས་མ་༢ དང་ འཕྲིན་ལས་དབང་ཀེ་རྡོ་རྗེ་གིས་ཡང་ གསེར་གྱི་རྟགས་མ་༡ ཐོབ་ཡོདཔ་ཨིན་པས།
དོགས་སེལ་འབད་མིའི་ནང་ མ་གཞི་ གཟུགས་སྟོབས་ཚུ་ ལྟདམོ་ལྟ་མི་ཚུ་གི་མིག་ཏོ་ཁར་ དྲག་ཤོས་ཅིག་སྦེ་མཐོང་རུང་ དགོས་མཁོ་དང་འཁྲིལ་ཏེ་ རང་སོའི་ སྐུགས་ཚུ་བསྡོམས་པའི་སྐབས་ གྲུབ་འབྲས་སོ་སོར་ཐོན་དོ་ཡོདཔ་ལས་ མང་ཤོས་ཅིག་གིས་ ཧ་མི་གོ་བས་ཟེར་ཨིན་པས།
འགྲན་བསྡུར་ནང་ལས་ ལུས་རྩལཔ་ཅིག་གིས་ གྲུབ་འབྲས་ལུ་ལྟ་སྟེ་ སེམས་དང་མ་ལྡན་པའི་ཁར་ ཚོགས་པ་དང་ འགོ་དཔོན་ཚུ་ལུ་ ཁ་ཉེས་བཀལ་མི་ལུ་བརྟེན་ བློ་ཕམ་བྱུང་ཡི་ཟེར་ཨིན་པས།
སངས་རྒྱས་ཚུལ་ཁྲིམས་ཀྱིས་ དྲང་དཔོན་གཅིག་ བི་བི་ཚེ་རིང་ཨིནམ་སྦེ་ སྐྱོན་བརྗོད་འབད་ཡོད་རུང་ དྲང་དཔོན་ཅིག་གིས་ ཁྱད་པར་སྦོམ་ ག་ནི་ཡང་ བཟོ་མི་ཚུགས་ཟེར་ཨིནམ་ད་ ཁོ་ར་ ཕམ་སོང་ནི་དེ་གིས་ བདེན་ཁུངས་བཀལཝ་མས་ཟེར་ཨིན་པས།
མ་གཞི་ རྒྱལ་སྤྱིའི་རྩེད་འགྲན་ནང་ དྲང་དཔོན་གཅིག་ ཚེ་དབང་དཔལ་འབྱོར་ཨིནམ་བཞིན་དུ་ ཉིནམ་དང་པའི་ནང་ ཁོ་གིས་ བཅའ་མར་གཏོགས་ཡོད་རུང་ ཉིནམ་༢ པའི་ནང་ ཁོ་གིས་ དྲང་དཔོན་འབད་ནི་ལུ་ ཤེས་ཡོད་རུང་ ག་ལུ་ཡང་ སྙན་ཞུ་མ་འབད་བར་ ལྟ་སྐོར་ནང་ སོང་མི་ལུ་བརྟེན་ འགྲན་བསྡུར་དེ་ འདྲ་ཉམས་དང་ དྲང་བདེན་འགྱོ་ནི་ལུ་ ཁོ་གི་ཚབ་སྦེ་ བི་བི་ཚེ་རིང་དེ་ དྲང་དཔོན་སྦེ་ སྡོད་ཅི་ཟེར་ཨིན་པས།
རྩེད་འགྲན་ནང་ འབྲུག་ལས་ལུས་རྩལཔ་༤ གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *