ཚོང་འབྲེལ་དང་ སྐྱེལ་འདྲེན་ དེ་ལས་ བརྒྱུད་སྐྱེལ་ལྷན་ཐབས་ཀྱི་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ འབྲེལ་ཡོད་ལས་སྡེ་ཁག་གི་ ངོ་ཚབ་ཚུ།

ལུང་ཕྱོགས་ཀྱི་ ཚོང་འབྲེལ་དང་ སྐྱེལ་འདྲེན་རྒྱ་སྐྱེད་ཀྱི་དོནལུ་ ཅ་དམ་ལམ་ལུགས་ ལེགས་བཅོས་འབད་དགོཔ།

༉ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཡན་ལག་ལུང་ཕྱོགས་ནང་ ཚོང་འབྲེལ་དང་ སྐྱེལ་འདྲེན་ དེ་ལས་ བརྒྱུད་སྐྱེལ་ལྷན་ཐབས་ཀྱི་ ཞལ་འཛོམས་འཚོགསཔ་ད་ འབྲེལ་ཡོད་ངོ་ཚབ་ཚུ་གིས་ ཕྱིར་བཙོང་གི་ བྱ་བའི་གནད་སྤྱོད་དང་ ཆུ་ལམ་ དེ་ལས་ ཅ་དམ་ལམ་ལུགས་ འཇམ་ཏོང་ཏོ་བཟོ་དགོ་པའི་ གྲོས་འདེབས་བཀོད་ཅི།
འབྲུག་ས་གཏེར་ལས་འཛིན་གྱི་ངོ་ཚབ་ བཀོད་ཁྱབ་གཙོ་འཛིན་ ལས་འཕྲོ་གིས་ སླབ་མིའི་ནང་ སྐྱེལ་འདྲེན་གྱི་ ཟད་འགྲོ་ལྕི་དྲགས་གནས་དོ་ཡོདཔ་ལས་ ཆུ་ལམ་དང་ དེའི་ལག་ལེན་ཚུ་ གཙོ་བོ་བཏོན་པ་ཅིན་ རྒྱལ་ཁབ་ཀྱི་ ཕྱིར་ཚོང་དང་ ནང་ཚོང་འཐབ་མི་གཉིས་ཆ་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ལམ་ལག་ལེན་ཐོག་ རྡོ་དཀར་ཚུ་ ནུབ་བེང་གཱལ་དང་ བང་ལ་དེཤ་ལ་སོགས་པ་ཚུ་ནང་ སྐྱེལ་འདྲེན་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཧེ་མ་ལས་ རྒྱ་གར་དང་ འབྲུག་ དེ་ལས་ བང་ལ་དེཤ་རྒྱལ་ཁབ་༣ གྱི་བར་ན་ སྐྱེལ་འདྲེན་གྱི་ ཆིངས་ཡིག་ཡོད་རུང་ གནད་དོན་དག་པ་ཅིག་ སེལ་དགོཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
ནེ་པཱལ་ལུ་ རྒྱ་གར་བརྒྱུད་དེ་ འབྲུག་གི་ཅ་ཆས་ཚུ་འབག་མི་ རེ་ལིའི་ལམ་༡ ལས་བརྒལ་མེདཔ་ལས་ རེ་ལིའི་ལམ་ མངམ་དགོཔ་འདུག་ཟེར་ ལས་འཕྲོ་གིས་ བཤད་པའི་ཁར་ ན་ཧིང་ དོས་ཆས་ཅིག་ ནེ་པཱལ་ལུ་ སྐྱེལ་འདྲེན་འབད་ཚུགས་ཚུགས་ལུ་ ཧ་ལམ་ཟླཝ་༡ འགོར་སོ་ཡི་ཟེར་བཤད་ཅི།
གཞུང་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ ཚོང་དང་བཟོ་གྲྭ་ལས་ཁུངས་བརྒྱུད་དེ་ ཕྱིར་ཚོང་འཐབ་མི་དང་ གྲོས་བསྟུན་འབད་ཐོག་ལས་ ཁོང་གི་ བསམ་འཆར་བསྡུ་ལེན་འབད་དགོ་ཟེར་ ཁོ་གིས་ བཤད་ཅི།
ངོ་ཚབ་ཀྱིས་འབད་བ་ཅིན་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལས་ ཨ་སམ་གྱི་ཁྲོམ་སྡེ་ རང་གི་ཡ་ཚུན་ རྡོ་དཀར་སྐྱེལ་འདྲེན་འབད་མི་ལུ་བརྟེན་ ཁོང་གི་ ཚོང་འབྲེལ་ལུ་ གནོད་དོ་ཡོདཔ་ལས་ བརྒྱུད་སྐྱེལ་གྱི་ཟད་འགྲོ་ མར་ཕབ་འབད་ཐབས་ལུ་ འབྲུག་པའི་ཊཱག་ཚུ་གིས་ པདྨ་དགའ་ཚལ་ལས་ རང་གི་ཡ་ཚུན་ སྐྱེལ་འདྲེན་འབད་བཅུག་ནིའི་ དཔའ་བཅམ་ཅི་ཟེར་ཨིན་པས།
ཨིན་རུང་ ཧེ་མ་ལས་ སྐྱེལ་འདྲེན་འཐབ་དོ་ཡོད་མི་ རྒྱ་གར་གྱི་ཊག་ཚུ་ ས་མཚམས་ས་ཁོངས་ལས་ཨིན་པའི་ཁར་ ཁོང་གི་དོན་ལུ་ ཚོང་འབྲེལ་ཅིག་འབདཝ་ལས་ ཁོང་ཆ་ཁྱབ་བཏོན་གཏང་པ་ཅིན་ ཉེན་ཁ་ཡོདཔ་མ་ཚད་ ཁོང་གི་གནས་སྟངས་ཚུ་ཡང་ ཧ་གོ་དགོཔ་འདུག་ཟེར་ ལས་འཕྲོ་གིས་ བཤདཔ་ཨིན་པས།
འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ངོ་ཚབ་ ཡོངས་ཁྱབ་དྲུང་ཆེན་ ཨྱོན་ཆོས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོའི་གཞུང་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་དང་ སྐྱེལ་འདྲེན་དང་འབྲེལ་བའི་ ལས་སྣ་ག་ཅི་ནང་འབད་རུང་ ལྷན་ཐབས་འབད་ནིའི་དོན་ལུ་ འབྲུག་དང་ རྒྱ་གར་ བང་ལ་དེཤ་དང་ ནེ་པཱལ་རྒྱལ་ཁབ་༤ གི་བར་ན་ རྒྱུན་འགྲུལ་བཀག་ཆ་མེད་པའི་ ཆིངས་ཡིག་ལུ་ ངོས་ལེན་འབད་དགོ་པའི་ གྲོས་འཆར་བཙུགས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱུན་འགྲུལ་གྱི་དོན་ལས་ ཐབས་ལམ་དེ་རྐྱངམ་གཅིག་ ཨིན་པ་ཅིན་ སྲིད་བྱུས་ཀྱི་ གནས་ཚད་ནང་ འབད་མི་དང་ མ་འོངས་པའི་ གཞུང་གིས་ ཆིངས་ཡིག་དེ་ འཕྲོ་མཐུད་ལག་ལེན་འཐབ་དགོཔ་འདུག་ཟེར་ བསམ་འཆར་བཀོད་ཅི།
སྡེ་ ཚན་སྦེ་ གྲོས་བསྡུར་འབད་བའི་སྐབས་ བཅའ་མར་གཏོགས་མི་ཚུ་གིས་ དཔལ་འབྱོར་གོང་འཕེལ་ ཡར་དྲག་གཏང་དགོཔ་དང་ སྐྱེལ་འདྲེན་གྱི་ བཅད་མཚམས་མར་ཕབ་འབད་དགོཔ་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་དགོཔ་ དེ་ལས་ ཁྱིམ་ཚང་རྒྱལ་ཁབ་དང་གཅིག་ཁར་ མཐུན་ལམ་བཟོ་དགོཔ་ལ་སོགས་པའི་ གྲོས་འདེབས་ཚུ་བཀོད་ཅི།
དེ་ལས་ ཚོང་དང་ སྐྱེལ་འདྲེན་ནང་ ཨམ་སྲུ་བཅའ་མར་གཏོགས་མི་ ཡར་དྲག་གཏང་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གི་ ཞལ་འཛོམས་སྐབས་ ཨམ་སྲུ་ཚུ་ལུ་ གོ་བརྡ་དང་ ཤེས་ཡོན་སྤྲོད་དགོཔ་དང་ གསང་སྤྱོད་དང་ ཨ་ལོའི་གཅེས་སྐྱོང་ལྟེ་བ་ལ་སོགས་ པའི་ མཐུན་རྐྱེན་བཟོ་དགོཔ་ དེ་ལས་ འཕྲུལ་རིག་གི་ཐོག་ལས་ ཡིག་ཚང་གི་ལཱ་ཚུ་ ཁྱིམ་ནང་ལས་ འབད་ཚུགསཔ་བཟོ་དགོཔ་དེ་ ཁག་ཆེ་ཟེར་ བཅའ་མར་གཏོགས་མི་ཚུ་གིས་ བཤད་ཅི།
དེ་བཟུམ་སྦེ་ ཚོང་འབྲེལ་གོ་སྐབས་སྐོར་ གོ་བརྡ་སྤྲོད་ནི་དང་ ཚོང་འབྲེལ་གྱི་ རྒྱུན་ལམ་ཡར་སེང་འབད་ནི་ དེ་ལས་ འགྲུལ་ལམ་བདའ་སྟེ་ ཅ་དངོས་ཞབས་ཏོག་ཁྲལ་དང་ རྒྱབ་སྐྱོར་གྱི་ འབྲེལ་སྟེགས་གཞི་བཙུགས་འབད་ནི་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཐུན་ལམ་ཡར་དྲག་གཏང་ནི་ དེ་ལས་ ཕྱིར་ཚོང་ལ་སོགས་པའི་ ལམ་ལུགས་ཚུ་ འཇམ་ཏོང་ཏོ་བཟོ་དགོ་པའི་ གྲོས་འདེབས་ཚུ་ཡང་ བཀོད་ཅི།
རྒྱལ་སྤྱི་ཉེར་སྤྱོད་དང་ བློ་གཏད་ལས་སྡེ་གིས་ ཚོང་འབྲེལ་དང་སྐྱེལ་འདྲེན་ བརྒྱུད་སྐྱེལ་ཞབས་ཏོག་གི་ ལས་འགུལ་ག་ར་ འགོ་འདྲེན་འཐབ་དོ་ཡོདཔ་ད་ འབྲུག་གི་དོན་ལུ་ འབྲུག་བརྡ་བརྒྱུད་དང་ བརྒྱུད་འབྲེལ་སྤེལ་ཁང་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྤེལ་ ཁང་གི་མདོ་ཆེན་ པུཤ་པ་ཆེ་ཏི་རི་གིས་ སླབ་མིའི་ནང་ ལས་འགུལ་གྱི་ དམིགས་ཡུལ་དེ་ ཡན་ལག་ལུང་ཕྱོགས་ནང་ ཚོང་འབྲེལ་དང་ སྐྱེལ་འདྲེན་ དེ་ལས་ བརྒྱུད་སྐྱེལ་ཞབས་ཏོག་གི་ དཀའ་ངལ་ཚུ་ ངོས་འཛིན་འབད་འཐབ་ལུ་ཨིནམ་ད་ ལས་འགུལ་དེ་ འབྲུག་དང་རྒྱ་གར་ ནེ་པཱལ་ བང་ལ་དེཤ་ མི་ཡཱན་མར་ཚུ་ནང་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་བཟུམ་ཅིག་ནང་ འབད་བ་ཅིན་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་རིང་ པདྨ་དགའ་ཚལ་ལས་ བསམ་གྲུབ་ལྗོངས་མཁར་ཚུན་ རྡོ་དཀར་སྐྱེལ་འདྲེན་འབད་མི་ ཊཱག་ཚུ་གིས་ཡང་ སྣུམ་འཁོར་སྤུང་འཛོམས་འབད་མི་དང་ ཤུགས་ཚད་ལས་བརྒལ་བཏང་མི་ དེ་ལས་ མི་ཚུ་ལུ་བརྟེན་ རྒྱ་གར་གྱི་ ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུགས་དོ་ཡོདཔ་ལས་ རང་གི་ཡ་ལུ་ རྒྱ་ལམ་རེ་མ་གཏོགས་ མ་ལྷོད་པས་ཟེར་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ངོ་ཚབ་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ཚུ་གི་བར་ན་ གོ་བརྡའི་ཆིངས་ཡིག་ལེ་ཤ་ཅིག་ར་ མཚན་རྟགས་བཀོད་དེ་ཡོད་རུང་ མང་ཤོས་ཅིག་ར་ ཚུལ་ལྡན་སྦེ་ བསྟར་སྤྱོད་མ་འབད་བར་ འདུག་ཟེར་ཨིན་པས།
རྒྱ་གར་གྱི་ གཞུང་ལམ་ཚུ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ཕྱིར་ཚོང་དང་ ནང་ཚོང་འཐབ་མི་ཚུ་ལུ་ ཆིངས་ཡིག་དེ་ཚུ་གི་སྐོར་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ནང་ ངོ་ཚབ་ཀྱིས་ བཤད་ཡོདཔའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *