ལུང་ནག་ནང་ལུ་ བཀའ་སྲུང་དཔལ་ལྡན་ལྷ་མོའི་ལྷ་ཁང་གསར་བཞེངས།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལུང་ནག་ནང་ བསྟན་བཅོས་གཡུས་ཚན་ནང་ དཔལ་ལྡན་ལྷ་མོའི་ ལྷ་ཁང་གསར་བཞེངས་ཀྱི་ བཀྲིས་རབ་གནས་ཕུལ་སར་ དབུ་བཞུགས་གནང་ཡོདཔ་ད་ རབ་གནས་དེ་ཡང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་ཀྱིས་ གནང་ཡོདཔ་ཨིན་པས།

ལྷ་ཁང་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ མི་དབང་མངའ་ཞབས་མཆོག་ ལུང་ནག་ནང་ལུ་ ཆིབས་སྐྱོད་གནངམ་ད་ བཀའ་རྒྱ་གནང་མི་དང་འཁྲིལ་ བདག་མེད་སྦེ་བཞག་མི་ གཡུས་ཁྱིམ་རྙིངམ་ཅིག་ ཉམས་བཅོས་འབད་ཐོག་ལས་ གསརཔ་བཞེངས་ཡོདཔ་ཨིན་པས།

འབྲུག་གི་ཆོས་སྐྱོང་སྲུང་མ་ མགོནམ་ལྕམ་དྲལ་གསུམ་གྱི་གྲས་ལས་༡ དཔལ་ལྡན་ལྷ་མོ་ཨིནམ་ད་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་ཚུ་གིས་ ལྷ་མོ་དཔལ་ཆེན་མོ་ལས་ སྐྱབས་མགོན་ཞུཝ་བཞིན་དུ་ཡོད་པའི་ཁར་ ད་རེས་ ལ་མཐོ་སའི་ས་གནས་ ལུང་ནག་ནང་བཟུམ་ཅིག་ནང་ དཔལ་ལྡན་ལྷ་མོའི་ ལྷ་ཁང་གསར་བཞེངས་གནང་མི་དེ་གིས་ གནམ་གཤིས་གནས་སྟངས་རྩུབ་དྲགས་དང་ དཀའ་སྡུག་ཅན་གྱི་ཐོག་ལས་ འཚོ་སྐྱོང་འཐབ་སྡོད་མི་ཚུ་གི་དོན་ལུ་ ཕན་ཐོགས་སྦོམ་ འབྱུང་ཚུགས་ནི་ཨིན་མི་དེ་ཡང་ ད་ལས་ཕར་ མི་ཚུ་གིས་ སྐྱབས་མགོན་ཞུ་ཚུགས་ནི་ཨིན་པས།

དེ་གིས་མ་དོ་བར་ ས་གནས་ཀྱི་ མི་ཚུ་གིས་ཡང་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༤,༡༠༠ གི་ ལ་མཐོ་སར་ ལྷ་ཁང་ཆགས་ཡོད་མི་ལུ་བརྟེན་ ལ་མཐོའི་མི་སེར་རྐྱངམ་གཅིག་ལུ་མེན་པར་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བྱིན་རླབས་ཞུགས་ནི་དང་ ས་གནས་དེ་ནང་དང་ དེ་ལས་བརྒལ་ཏེ་སྡོད་མི་ ཆ་མཉམ་ལུ་ ཕན་ཐོགས་ཚུགས་འོང་ཟེར་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་པས།

གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ དཔལ་ལྡན་ལྷ་མོ་དེ་ མགོནམ་ལྕམ་དྲལ་གསུམ་གྱི་ གྲངས་སུ་ཚུད་མི་དེ་ དཔལ་ཡེ་ཤེས་མགོན་པོ་ལུ་ དབྱིངས་ཡུམ་དང་སྦྱོར་ཡུམ་ དེ་ལས་ སྒྲོལ་ཡུམ་ཟེར་ཡོད་མི་ལས་ མགོན་པོའི་ཡུམ་གསུམ་གྱི་གྲས་ལས་ གཅིག་ དཕལ་ལྡན་ལྷ་མོ་ཨིན་མི་ལུ་བརྟེན་ཨིན་ཟེར་ གསུངསམ་ཨིན་པས།

དཔལ་ལྡན་ལྷ་མོ་དེ་ ཆོས་སྲུང་གི་གྲས་ལས་ རྩ་ཅན་ཅིག་ ཨིན་མི་དེ་ཡང་ རྒྱལ་ཁབ་ནང་ ཆོས་སྲུང་ལེ་ཤ་ཡོད་རུང་ ཐབས་གཙོ་བོར་གྱུར་པའི་ ཕོ་རྒྱུད་དང་ ཤེས་རབ་གཙོ་བོར་གྱུར་པའི་ མོ་རྒྱུད་གཉིས་ལུ་ བསྡུཝ་ཨིནམ་ལས་ མོ་རྒྱུད་ཀྱི་གྲས་ལས་ག་ར་ གཙོ་བོ་ལྷ་མོ་དེ་ བརྩི་ནི་དེ་གིས་ཨིན་ཟེར་ གསུངསམ་ཨིན་པས།

དེ་མ་ཚད་ ཆོས་ཀྱི་ནང་ལས་འབད་བ་ཅིན་ དཔལ་ལྡན་ལྷ་མོའི་ ངོ་བོ་དེ་ རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཨིནམ་སྦེ་ བཞག་མི་དེ་ཡང་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ག་ར་འཁྲུངས་མི་ ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ སྤྲུལ་པ་རྣམ་པ་སྣ་ཚོགས་སྦེ་ བྱོན་པའི་གྲས་ལས་ གཅིག་ དཔལ་ལྡན་ལྷ་མོའི་རྣམ་པ་སྦེ་ བྱོན་མི་ལུ་བརྟེན་ཨིན་ཟེར་ གཙུག་ལག་སློབ་དཔོན་གྱིས་ གསུངསམ་ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *