༉ མགར་ས་རྫོང་ཁག་ ལུང་ནག་ནང་དང་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒེད་འོག་༤ གི་བར་ན་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབདཝ་ད་ རང་སོའི་ས་ཁོངས་ནང་ ཧམ་འཛུལ་འབད་བའི་ རྩོད་རྙོགས་ཐོན་མི་དེ་ སེལ་ཐབས་ལུ་ གཞུང་གི་ཆེ་མཐོའི་ སྡེ་ཚན་ཅིག་ ལུང་ནག་ནང་ལུ་ བཏང་ཡོདཔ་ཨིན་པས།
དེ་ཡང་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་༢ དབུ་གཙོས་པའི་ མགར་ས་དང་ དབང་འདུས་ཕོ་བྲང་གི་ རྫོང་བདག་༢ དེ་ལས་ འབྲེལ་ཡོད་རྒཔོ་དང་ གཞུང་གི་འགོ་དཔོན་ཚུ་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་སྦེ་ ལུང་ནག་ནང་ལུ་ བསྐྱལ་ཡོདཔ་ཨིན་པས།
ཧེ་ལི་ཀོབ་ཊར་གྱིས་ དེ་ཚེ་ཉིན་མར་ འགོ་དཔོན་ཚུ་དང་ སྲུང་སྐྱོབ་དམག་མི་ཚུ་ སྤུ་ན་ཁ་འཛོམས་གླིང་ཐང་ལས་ ལུང་ནག་ནང་ལུ་ བསྐྱལ་ནིའི་དོན་ལས་ ལན་ཐེངས་༡༠ འཕུར་འགྲུལ་འབད་ཡོདཔ་བཞིན་དུ་ ཁ་ཙ་ཡང་ སྡེ་ཚན་ཅིག་ བསྐྱལ་ཡོདཔ་ད་ ལུང་ནག་ནང་གཡུས་ཚན་ལས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ ས་ཁོངས་ནང་ དུས་ཡུན་ཆུ་ཚོད་༦ ལམ་འགྱོ་དགོཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དབང་འདུས་ཕོ་བྲང་གི་ ཀ་གཞི་དང་ སྲས་ཕུག་ དྭངས་ཆུ་ སྒང་སྟེང་རྒེད་འོག་༤ ལས་ དབྱར་རྩྭ་དགུན་འབུབ་འཐུ་མི་༡,༠༠༠ དེ་ཅིག་གིས་ རང་སོའི་རྒེད་འོག་ས་མཚམས་ལས་བརྒལ་ཏེ་ ལུང་ནག་ནང་ལུ་ འབུབ་བསྡུ་བསྒྱོམ་ས་ཁོངས་ནང་ ཧམ་འཛུལ་འབད་མི་ལུ་བརྟེན་ བྱེལཝ་ལང་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཐངས་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༤ ཅན་མ་དང་འཁྲིལ་བ་ཅིན་ འབུབ་བསྡུ་བསྒྱོམ་དེ་ རང་སོའི་རྒེད་འོག་གི་ ས་མཚམས་ནང་འཁོད་ལུ་རྐྱངམ་གཅིག་ འབད་ཆོགཔ་ཨིན་པས།
ལུང་ནག་ནང་གི་རྒཔོ་ ཀ་ཀ་གིས་ སླབ་མིའི་ནང་ དབང་འདུས་རྒེད་འོག་༤ གི་ རྒཔོ་ཚུ་གིས་ མི་ཚུ་ལུ་ ཁོང་རའི་རྒེད་འོག་གི་ ས་མཚམས་ཕྱི་ཁ་ལས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཆོག་པའི་ གནང་བ་སྤྲོད་ཡོདཔ་བཟུམ་འདུག་ཟེར་ཨིན་པས།
འདི་བཟུམ་མའི་ བྱ་སྟབས་མ་བདེཝ་ ཐོན་ཡོད་པའི་སྐོར་ ཤེས་རྟོགས་བྱུངམ་ཅིག་ ང་གིས་ མི་ཚུ་ འཐབ་འཛིང་ནང་ འབྲེལ་འཛིན་འབད་ནི་ལས་ བཀག་ཆ་འབད་ཡི་ཟེར་ ཁ་ཙ་ བསྡུ་བསྒྱོམ་ས་ཁོངས་ནང་ འཕུར་འགྲུལ་འབད་མི་ རྒཔོ་ཀ་ཀ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ལས་ ཀ་གཞི་རྒེད་འོག་གི་ སྤྱི་འོག་ཕུད་རྡོག་གཅིག་རྐྱངམ་གཅིག་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ནི་གི་ ཁྱད་ཚད་ཚངམ་ཨིན་ཟེར་ཨིན་པས།
ལུང་ནག་ནང་ལུ་ སོང་ཡོད་མི་ གཞུང་གི་འགོ་དཔོན་ཚུ་དང་ བྲེལ་ཟིང་སྐོར་ལས་ འབྲེལ་བ་འཐབ་མ་ཚུགསཔ་ཨིན་པའི་གནས་ཚུལ།