ལུག་གསོ་སྐྱོང་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ང་བཅས་རའི་ གྲོང་གསེབ་ཀྱི་ མི་སྡེ་ཚུ་ནང་ ལུག་གསོ་སྐྱོང་འཐབ་སྲོལ་ཡོད་མི་དེ་ མར་ཉམས་འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།

ཧེ་མ་འབད་བ་ཅིན་ ལུག་གསོ་སྐྱོང་འཐབ་ནི་དེ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ཅིག་ཨིན་རུང་ ད་རེས་ནངས་པར་ དང་འདོད་བསྐྱེད་མི་ ཉུང་སུ་ཅིག་ལས་བརྒལ་མིན་འདུག།

ས་ཁ་མཐོ་སར་སྡོད་མི་ཚུ་གིས་ ལུག་གསོ་སྐྱོང་འཐབ་ནི་ལུ་ དང་འདོད་མ་བསྐྱེད་མི་དེ་ཡང་ གཙོ་བོ་ར་ རི་དྭགས་སེམས་ཅན་དང་ སྤྱང་ཁྱི་ཚུ་གིས་ གནོདཔ་བཀལ་བའི་ཁར་ རྩྭ་འབྲོག་ཡང་ ལངམ་སྦེ་མེད་པའི་ གདོང་ལེན་བྱུང་ནི་དེ་གིས་ཨིན་མས།

ལུག་གསོ་སྐྱོང་འཐབ་ནི་དེ་ དང་པ་ མི་ལྷག་དགོ་པའི་ཁར་ གཉིས་པ་ཟེརཝ་ད་ འུ་སྡུག་པའི་ལཱ་ཅིག་ཨིན་རུང་ ལམ་སྲོལ་དང་ མཐའ་འཁོར་གནས་སྟངས་ཀྱི་ཐད་ཁར་ གལ་གནད་ཅན་ཅིག་ཨིན་མས།

བལ་གྱི་ཐོན་སྐྱེད་ཚུ་ ནད་ཡམས་ལུ་བརྟེན་ ང་བཅས་རའི་ དཔལ་འབྱོར་སྒོ་བསྡམས་པའི་སྐབས་ལུ་ཡང་ ལངམ་སྦེ་ར་ འཐོབ་ཚུགས་ཏེ་ཡོདཔ་ད་ རྒྱུ་བལ་གྱིས་འཐགས་མི་ བཀབ་གོ་ལ་ཚུ་ ཚ་ཏོག་ཏོ་ཡོད་པའི་ཁར་ ལམ་སྲོལ་གྱི་ཆ་ཤས་ཅིག་ཨིནམ་ལས་ དཔའ་ཉམས་བསྐྱེད་ཚུགས་པའི་ གཞི་ཅིག་ཨིན་མས།

ནང་འདྲེན་འབད་མི་གྱོན་ཆས་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་ལུ་བརྟེན་ བལ་གྱི་མལ་ཆ་དང་གྱོན་ཆས་ འཐག་སྲོལ་ཡོད་མི་དེ་ ཉམས་འགྱོ་དོ་ཡོདཔ་བཞིན་དུ་ ས་ཁ་མཐོ་སའི་ མི་སྡེ་ལེ་ཤ་ཅིག་གིས་ར་ ལུག་གསོ་སྐྱོང་འཐབ་ནི་དེ་ བཤོལ་བཞགཔ་ཨིན་མས། 

ད་རེས་ ལུག་གསོ་སྐྱོང་འཐབ་མི་ གཡུས་ཚན་དག་པ་ཅིག་ཡོད་མི་ཚུ་གིས་ཡང་ ནང་འདྲེན་འབད་མི་ བཀབ་གོ་ལ་ཚུ་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ ཁོང་རའི་ལུག་ཚུ་ བཙོང་དོ་ཡོདཔ་ཨིན་མས།

འབྲེལ་ཡོད་དབང་འཛིན་ཚུ་གིས་ བར་འཛུལ་མ་འབད་བ་ཅིན་ ལུག་གསོ་སྐྱོང་འཐབ་ནི་དེ་ རྩ་བ་ཉིད་ལས་ ཉམས་འགྱོ་ནི་ཨིན་མས།

མི་སྡེའི་ལམ་སྲོལ་དང་ སྐྱེ་ལྡན་རིགས་སྣའི་ ཉམས་སྲུང་གནད་དོན་ཚུ་ ཧ་གོ་མི་དང་བསྟུན་ ས་ཁ་མཐོ་སར་སྡོད་མི་ཚུ་ལུ་ ལུག་གསོ་སྐྱོང་འཐབ་བཅུག་ནིའི་དོན་ལས་ སྲིད་བྱུས་བརྩམ་དགོ་པའི་ཁར་ དངུལ་འབྲེལ་གྱི་རྒྱབ་སྐྱོར་ཡང་ འབད་དགོཔ་འདུག།

སོ་ནམ་ལྷན་ཁག་གིས་ རྒྱལ་ཡོངས་ལ་ཁ་ཞིབ་འཚོལ་གོང་འཕེལ་དོན་ལུ་ ལྟེ་བ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཞིབ་འཚོལ་དེ་ལུ་བརྟེན་ ལུག་གསོ་སྐྱོང་འབད་ནིའི་ལམ་སྲོལ་དེ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་ཚུགས་ནི་ཨིན་མས།

ལུག་གི་ཐོན་སྐྱེད་ཚུ་ འགོ་བཙུགས་ནི་ལུ་ རྒྱུད་བསྐུལ་འབད་དགོཔ་ད་ ང་བཅས་རའི་ སོ་ནམ་པ་ཚུ་གིས་ བལ་གྱི་དོན་ལུ་རྐྱངམ་གཅིག་ ལུག་གསོ་སྐྱོང་འཐབ་དོ་ཡོདཔ་ད་ འཛམ་གླིང་གི་ ཚོང་འབྲེལ་ཚུ་ནང་ ལུག་གི་ཐོན་སྐྱེད་ཚུ་ ཡོངས་གྲགས་ཡོདཔ་ཨིན་མས།

ཕོབ་སྦྱིས་ཁ་དང་ མེ་རག་སག་སྟེང་གི་ མི་སྡེ་ཚུ་ལུ་ བལ་ལག་ལེན་འཐབ་སྟེ་ ཨ་ལོའི་རྩེད་ཆས་ཚུ་བཟོ་ནིའི་ སྦྱོང་བརྡར་བྱིན་མི་དང་བསྟུན་ ཐབས་རིག་སྣ་ཚོགས་ཐོག་ལས་ ཚོང་འབྲེལ་ཚུ་ནང་ བཙུགས་ནིའི་རྒྱབ་སྐྱོར་འབད་དགོཔ་ད་ ལུག་གི་ཐོན་སྐྱེད་ཚུ་གིས་ ཨ་ལོའི་རྩེདམོ་དང་ ལག་བཟོའི་ཅ་ཆས་ཚུ་ ནང་འདྲེན་འབད་མ་དགོ་པའི་ ཕད་ཁྱད་འབྱུང་ཚུགས།

ལ་ཁའི་ལས་རིམ་ཚུ་ནང་ གཡག་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་ནི་མེན་པར་ ལུག་གསོ་སྐྱོང་དང་འབྲེལ་བའི་ ཐོན་སྐྱེད་ཚུ་གི་སྐོར་ལས་ ཐབས་རིག་དང་ ཚོང་འབྲེལ་གསརཔ་བཟོ་ནི་ལུ་ རྒྱབ་སྐྱོར་འབད་དགོཔ་འདུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *