༉ ཤུལ་མའི་ཟླཝ་ནང་ བསྟན་སྲུང་དམག་སྡེའི་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ རྩོད་བཤེར་འབད་མི་ཚུ་གི་ སྒྲུབ་བྱེད་སྙན་གསན་འབད་ནི་ཨིནམ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ཚུ་ལུ་ རང་སོའི་ཉེས་འཛུགས་ཚུ་ལུ་ ར་ཁུངས་བསྐྱལ་ནི་ཡོད་རུང་ དེ་བསྒང་ ཁུངས་གསལ་འབད་དགོཔ་སྦེ་ སླབ་ཅི།
ཁ་ཙ་ རྩོད་བཤེར་སྐབས་ ཉེས་འཛུགས་ཅན་ཚུ་གི་གྲས་ལས་ ལིང་དཔོན་ ཨོ་རྒྱན་དངོས་གྲུབ་ཀྱིས་ བསྟན་སྲུང་དམག་སྡེ་གིས་ ཁོ་ལུ་ དངུལ་ཀྲམ་འབུམ་༡༤ ལྷགཔ་ཅིག་གི་ ཚུལ་མིན་སྤྱོད་པའི་སྐོར་ ཉེས་འཛུགས་འབད་ཡོད་རུང་ རྩིས་ནང་འཛོལ་བ་ཡོད་མི་དེ་ ཁོ་གིས་ ཧེ་མ་ལས་ ཞུ་ཡོད་རུང་ ད་ལྟོ་སྙོམས་སྒྲིག་མ་འབད་བའི་ཁར་ ཉེས་འཛུགས་ཀྱི་རྒྱབ་ཁུངས་ཚུ་ཡང་ ཁ་གསལ་ག་ནི་ཡང་ མིན་འདུག་ཟེར་ཞུ་ཡི།
ཁོ་གིས་ བདེ་སྲུང་ཤོ་ཐེངས་༧ པ་དང་༢༢ པའི་ནང་ བདག་སྐྱོང་འགོ་དཔོན་སྦེ་ འགན་ཁུར་འབག་པའི་སྐབས་ གོང་མའི་འོག་ལུ་ ལཱ་འབད་དགོཔ་ལས་ རང་དབང་གི་ཐོག་ལས་ དབང་ཚད་ལོག་སྤྱོད་འབད་ནིའི་ ས་གོ་མེདཔ་ལས་ ཉེས་འཛུགས་འབད་མི་ཚུ་ བསྟན་སྲུང་དམག་སྡེ་གིས་ ར་ཁུངས་བསྐྱལ་དགོ་ཟེར་ཞུ་ཡི།
ཁ་ཙ་ཡང་ ཨོ་རྒྱན་དངོས་གྲུབ་ཀྱིས་ བསྟན་སྲུང་དམག་སྡེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ལེན་མི་ ངག་བརྗོད་ཚུ་ལུ་རྐྱངམ་གཅིག་ གཞི་བཞག་སྟེ་ འཁྲུན་ཆོད་བཏོན་ནུག་ཟེར་ ཞུ་ཡོད་པའི་ཁར་ བསྟན་སྲུང་དམག་སྡེའི་ ཁྲིམས་འདུན་གྱིས་ ཁོང་ལུ་ རྒྱབ་མི་བཙུགས་ནིའི་ ཐོབ་དབང་ཡང་མ་སྤྲོད་མི་དེ་ རྩ་ཁྲིམས་ཆེན་མོའི་ དབང་ཆ་ལས་ འགལ་ཏེ་ཡོད་ཟེར་ཞུ་ཡི།
དེ་འབདཝ་ལས་ བསྟན་སྲུང་དམག་སྡེའི་ཁྲིམས་འདུན་གྱིས་ ང་བཅས་ལུ་ ཉེས་ཁྲིམས་བཀལ་ནིའི་ ཆེད་དམིགས་འབད་ནུག་ཟེར་ཨིནམ་ད་ ཁོ་གིས་ ཆེ་མཐོ་ཁྲིམས་འདུན་གྱིས་ གནད་དོན་དེ་ལུ་ བལྟ་གནང་ཟེར་ཞུ་ཡི།
བསྟན་སྲུང་དམག་སྡེའི་ རྩོད་བཤེར་པ་ཚུ་གིས་ ཚོང་པ་ཚུ་ལས་ ལེན་མི་ངག་བརྗོད་ཚུ་ག་ར་ རང་དབང་གི་ཐོག་ལས་ ལེན་ཡོད་ཟེར་ཞུ་ཡོད་རུང་ ཉེས་འཛུགས་ཅན་གྱིས་འབད་བ་ཅིན་ ངག་བརྗོད་ཚུ་ ཚུལ་མིན་ཐོག་ལས་ལེན་ནུག་ཟེར་ ད་རུང་ཞུ་ཡི།
དེ་མ་ཚད་ ཐོག་མའི་ཁྲིམས་འདུན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངག་བརྗོད་ལེན་མི་ཚུ་ སྒྲ་བཟུང་སྟེ་ཡོད་ཟེར་ཨིན་རུང་ དེ་ག་ནི་ཡང་ གསལ་སྟོན་མ་འབད་ཟེར་ཞུ་ཡི།
དམག་སྡེའི་ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་སྐབས་ ང་བཅས་ཀྱི་སྒྲིག་གོ་ཡང་ གྱོན་མ་བཅུག་མི་དེ་ཡང་ ང་བཅས་ཀྱི་རང་དབང་ལུ་ ཐོ་རྐྱབ་སྟེ་ཡོད་ཟེར་ ཨོ་རྒྱན་དངོས་གྲུབ་ཀྱིས་ ཞུ་བའི་ཁར་ དམག་སྡེའི་རྩོད་བཤེར་པ་དང་ ཁྲིམས་འདུན་གྱིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་སར་མཐོང་ཡོདཔ་ལས་ ཁེ་ཕན་ལྟག་སྤྲོད་ཡོད་ཟེར་ཞུ་ཡི།
ད་ལྟོ་ཡང་ ཉེས་འཛུགས་ཅན་ཚུ་གིས་ རྩོད་བཤེར་གྱི་ར་ཁུངས་ཚུ་ར་ བསྐྱལ་སྡོད་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ མ་དངུལ་ལོག་སྤྱོད་འབད་དེ་མེད་པ་ཅིན་ རྩིས་ཆད་ཐོན་མི་ཚུ་ ག་ཏེ་ལུ་ རྩིས་སྒྲིག་འབད་ཡོདཔ་ཨིན་ན་ཚུ་ ར་ཁུངས་བཀོད་དགོ་ཟེར་ཞུ་ཡི།
ལིང་དཔོན་ཨོ་རྒྱན་དངོས་གྲུབ་ལུ་ བདེ་སྲུང་ཤོ་ཐེངས་༧ པ་དང་༢༢ པའི་ནང་ དངུལ་ཀྲམ་༡,༤༨༩,༡༦༢ ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡོད་རུང་ ཁོ་གིས་འབད་བ་ཅི་ན ཤོ་ཐེངས་གཉིས་ནང་ ཁོ་གིས་བཞག་མི་རྩིས་བཱིལ་དང་འཁྲིལཝ་ད་ དངུལ་ཀྲམ་༢,༧༨༡,༠༠༠ དེ་ཅིག་ལས་མེདཔ་ལས་ དེ་ཚུ་ཡང་ དམག་སྡེའི་རྩོད་བཤེར་པ་ཚུ་གིས་ རྩིས་འཛོལ་ཏེ་ར་ཡོད་ཟེར་ཞུ་ཡི།
ང་ལུ་ཉེས་འཛུགས་འབད་མི་ རྩིས་ཁྲ་དེ་ནང་ཡང་ ཁ་གསལ་མེད་པའི་ཁར་ ཐོག་མའི་ཁྲིམས་འདུན་སྐབས་ལས་ར་ ཉེས་འཛུགས་ཚུ་ ཁ་གསལ་མེད་པའི་ཁར་ ཚོད་བསྲེ་བཙོང་མི་འཕྲིན་ལས་རྒྱ་མཚོ་ལས་ ཉོ་ཡོད་པའི་རྩིས་ཁྲ་ནང་ ལིང་དཔོན་ཨོ་རྒྱན་ལྷུན་གྲུབ་ཟེར་ མིང་ཡང་འཛོལ་ཏེ་ཡོད་ཟེར་ཞུ་ཡི།
ཚོང་པ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཚུལ་མིན་ཐོག་ལས་འབད་ནི་དེ་གིས་ ཁོང་གིས་ཡང་ མ་དངུལ་ག་དེ་ཅིག་ཐོབ་ཡོདཔ་ཨིན་ན་ཚུ་ཡང་ གཏན་འཁེལ་སྦེ་ མ་སླབ་པས་ཟེར་ ཁོ་གིས་ཞུ་བའི་ཁར་ དྲི་དཔྱད་འབད་བའི་སྐབས་ལུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱདཔ་ཚུ་གིས་ ཐད་ཀར་དུ་ ཚོང་པ་ཚུ་ལུ་ ཨོ་རྒྱན་དངོས་གྲུབ་ཀྱིས་ དངུལ་ཀྲམ་ག་དེམ་ཅིག་ རྩིས་སྒྲིག་འབད་ཡོད་ག་ཟེར་བའི་ དྲི་བ་ཚུ་འབད་ནུག་ཟེར་ཞུ་ཡི།
དེ་འབདཝ་ལས་ ཚོང་པ་ལ་ལོ་ཅིག་གིས་ ཕོག་ཚད་གུ་བཀལ་ཏེ་ སླབ་ཡོད་རུང་ དེ་ཚུ་ལུ་གཞི་བཞག་སྟེ་ འཁྲུན་ཆོད་བཏོན་ནུག་ཟེར་ཨིནམ་ལས་ རྩོད་བཤེར་པ་གིས་ ང་གིས་ ག་དེ་སྦེ་ དངུལ་ཀྲམ་ག་དེམ་ཅིག་ ལོག་སྤྱོད་འབད་ཡོདཔ་ཨིན་ན་ ཁ་གསལ་བཀོད་དགོ་ཟེར་ཞུ་ཡི།
ལིང་དཔོན་ཨོ་རྒྱན་དངོས་གྲུབ་ཀྱིས་ ཁོ་གི་སྐབས་ལུ་ བཀོད་ཁྱབ་གནས་རིམ་སྐབས་ཀྱི་ བདེ་སྲུངཔ་ཚུ་ལུ་ ཟད་འགྲོ་བཏང་མི་དང་ སྤྱི་ལོ་༢༠༡༧ ལུ་ ཟད་འགྲོ་བཏང་མི་གཉིས་ཀྱི་བར་ན་ ཁྱད་པར་མིན་འདུག་ཟེར་ཞུ་ཡི།
སྤེལ་དཔོན་སངས་རྒྱས་གྲགས་པ་དེ་ ལིང་དཔོན་དང་གཅིག་ཁར་ བདག་སྐྱོང་ལས་རོགས་པའི་ འགན་ཁུར་འབག་པའི་སྐབས་ ཁོ་ལུ་ཡང་ དངུལ་ཀྲམ་༥༠,༠༠༠ ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡོད་མི་ལུ་ ཁོ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོ་ལས་ལེན་མི་ ངག་བརྗོད་ཚུ་ག་ར་ རང་དབང་ཐོག་ལས་མེན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཁོ་ར་ དྲི་དཔྱད་འབད་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ བསྡམས་བཞག་ཅི་ཟེར་ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཤ་བཀྲམ་སྤེལ་འབད་མི་ ཀར་ན་ བྷ་དུར་ ཁར་ཀ་ལས་ དངུལ་ཀྲམ་༡༠,༠༠༠ དང་༢,༠༠༠ འབད་མི་ཅིག་ བསྐྱི་ཡོད་མི་དེ་ ཤུལ་ལས་ ལོག་སྤྲོད་ཡོདཔ་མ་གཏོགས་ བདེ་སྲུངཔ་གི་མ་དངུལ་དང་འབྲེལ་བ་ ག་ནི་ཡང་མེད་ཟེར་ཞུ་ཡི།
ཨིན་རུང་ དམག་སྡེའི་རྩོད་བཤེར་པ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངག་བརྗོད་ཐེངས་གཅིག་ལས་ ལེན་ཏེ་མེད་པ་ཅིན་ དབང་བཙོང་ཐོག་ལས་ ལེན་ཡོདཔ་བཟུམ་སྦེ་ དོགས་པ་ཆགས་ནི་ཨིན་རུང་ ཁོ་གིས་ ངག་བརྗོད་ཐེངས་གཉིས་པའི་སྐབས་ལུ་ ཀར་ན་བྷ་དུར་ ཁར་ཀ་གིས་ ཁོ་ལུ་ ཁོ་རའི་སྐལཝ་ཨིན་ཟེར་ ཏི་རུ་བྱིན་ཡོདཔ་སྦེ་ བྱིན་ནུག་ཟེར་ཞུ་ཡི།
དེ་མ་ཚད་ ཀར་ན་ བྷ་དུར་ ཁར་ཀ་གིས་ཡང་ ཁོ་ར་ ལིང་དཔོན་ཨོ་རྒྱན་དངོས་གྲུབ་དང་གཅིག་ཁར་ ལཱ་འབད་བའི་སྐབས་ དཀའཝ་སྤྱད་ནི་དེ་གིས་ ཏི་རུ་བྱིན་ཡི་ཟེར་ ངག་བརྗོད་བྱིན་ནུག་ཟེར་ དམག་སྡེའི་རྩོད་བཤེར་པ་གིས་ ངག་བརྗོད་ལྷག་ཕུལ་ཡི།
ལིང་དཔོན་ཨོ་རྒྱན་དངོས་གྲུབ་ཀྱིས་ ཁོང་གིས་འབད་མི་ལཱ་ཚུ་ལུ་ འཛོལ་བ་ཡོད་པ་ཅིན་ ནང་འཁོད་རྩིས་ཞིབ་དང་ རྒྱལ་ཡོངས་རྩིས་ཞིབ་དབང་འཛིན་གྱིས་ཡང་ བདའ་ཟུན་ཟུནམ་འོང་ཟེར་ ཞུ་མི་ལུ་ དམག་སྡེའི་རྩོད་བཤེར་པ་གིས་ ཁོང་ལུ་ རྩིས་བཱིལ་ཚུ་ག་ར་ཚང་སྟེ་ཡོད་པ་ཅིན་ ལོག་སྤྱོད་འབད་མི་ཚུ་ བདའ་མི་ཟུན་ནི་ཨིནམ་ལས་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཞིབ་དཔྱད་འབདཝ་ད་ བདའ་ཟུན་ནུག་ཟེར་ཞུ་ཡི།
གནད་དོན་དེ་ གསང་བའི་ཐོག་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཞིབ་དཔྱད་འབདཝ་ད་ ཚུལ་མིན་འབད་མི་ཚུ་ མཐོང་ཡོདཔ་ད་ ཉེས་འཛུགས་ཅན་ཚུ་གིས་ ཤུལ་མའི་ཟླཝ་གི་ སྤྱི་ཚེས་༢༠ དང་༢༦ ལུ་ འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།