༉ འཕྲལ་ཁམས་ཅིག་ཁར་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ དབང་འདུས་ཕོ་བྲང་ལུ་ སློབ་དཔོན་སྡེ་ཚན་ཅིག་ལུ་ གསལ་བཤད་གནངམ་ད་ འབྲུག་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་མི་དེ་ གསང་སྤྱོད་འཕྱག་ནི་གི་ ལཱ་གཡོག་འཚོལ་བར་ཨིན་མས་ཟེར་ གསུངས་ནུག།
བློན་པོ་གིས་འབད་བ་ཅིན་ གསང་སྤྱོད་འཕྱག་ནིའི་ ལཱ་འབད་ནི་དེ་ ལཱ་གཡོག་སྐྱོ་དྲགས་དང་ ཐབས་རྡུགས་སི་སིའི་ ལཱ་ཅིག་ཨིནམ་ལས་ དེ་ལུ་ རིག་རྩལ་ག་ནི་ཡང་ དགོཔ་མེད་མི་ལུ་བརྟེན་ མི་དེ་ཚུ་གིས་ཡང་ ག་ཐོབ་རྐྱབ་སྟེ་ འགྱོཝ་མས་ཟེར་ཨིནམ་ད་ ཨཱསི་ཊེ་ལི་པའི་ གསང་སྤྱོད་ཚུ་ འབྲུག་མི་ཚུ་གི་དོན་ལུ་ ལཱ་འབད་སའི་ ས་ཁོངས་བྱ་མཆིས་ཆི་དང་ འོས་ལྡན་ཅིག་སྦེ་ མི་མཐོངམ་མས་ཟེར་ གསུངས་ཡོདཔ་ཨིན་མས།
མ་གཞི་ ཤེས་རིག་བློན་པོ་གིས་ གནད་དོན་ག་ཅི་ལུ་གཞི་བཞག་སྟེ་ གསུངས་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་རུང་ འདི་བཟུམ་མའི་ ལཱ་འབད་མི་ཚུ་ལུ་ བརྙས་བཅོས་དང་ ཞེན་པ་ལོག་སི་སིའི་ ཐུགས་འཆར་གསུངས་མི་དེ་ དེ་འཕྲོ་ལས་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་ཡར་སོཔ་ལས་ ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱང་མི་དང་ ལཱ་འབད་མི་ འབྲུག་མི་ཚུ་ལུ་ སེམས་ཁར་ཕོག་སྟེ་ བློན་པོ་ལུ་ སྐྱོན་བརྗོད་དང་ འཕྱར་ཁ་ཞུ་ནི་ འགོ་བཙུགས་ནུག།
བློན་པོའི་གོ་གནས་འཆང་མི་དེ་གིས་ ཨཱསི་ཊེ་ལི་ཡ་ལུ་ འབྲུག་མི་ཚུ་ ལཱ་ག་ཅི་བཟུམ་འབད་རུང་ ཞེན་ལོག་སྐྱེ་ནི་དང་ བརྙས་བཅོས་འབད་མ་རུངམ་ཅིག་ཨིན་ཟེར་ ཨཱསི་ཊེ་ལི་ཡ་ལས་ འབྲུག་མི་ཚུ་གིས་ སླབ་ཨིན་མས།
ཨིན་རུང་ བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་དགོཔ་ཡོད་པའི་སྐོར་ ཨཱསང་ཊེ་ལ་ཡ་ལུ་ ལཱ་འབད་མི་ འབྲུག་མི་ཚུ་ལུ་ དཔེ་བཞག་སྟེ་ སླབ་ཡོདཔ་མ་གཏོགས་ ཁོང་ཆ་ཁྱབ་ལུ་ དམའ་ཕབ་རྐྱབ་ནི་དང་ མ་དགའཝ་བསྐྱེད་དེ་སླབ་སླབ་ རྩ་ལས་མེན་ཟེར་ཨིན་མས།
འདི་འབདཝ་ལས་ ང་བཅས་ཀྱི་ མི་ཚུ་ལུ་ སེམས་ཁར་ཕོག་མི་ཚུ་ལུ་ བློན་པོའི་ཁ་ཐུག་ལས་ བཟོད་གསོལ་སྦོམ་ཡོད་ཟེར་ གསུངསམ་ཨིན་མས།
ང་བཅས་ཀྱིས་ དཔྱད་བལྟ་རུང་ འདི་བཟུམ་གསུངས་མི་དེ་ སྦུང་ལཱ་ལ་སོགས་པའི་ ལཱ་གཡོག་ག་ཅི་ར་འབད་རུང་ དེ་ལུ་ གུས་ཞབས་དང་ བརྩི་མཐོང་མེད་པའི་ བརྡ་མཚོན་སྟོནམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ འབྲུག་མི་ཚུ་ ཕྱི་རྒྱལ་ལུ་ འགྱོ་མི་དེ་ རང་སོའི་རིག་རྩལ་དང་ ཤེས་ཡོན་རྒྱ་བསྐྱེད་འབདཝ་དང་གཅིག་ཁར་ འཚོ་སྐྱོང་གི་དོན་ལུ་ འོང་འབབ་དུམ་གྲ་རེ་ བཟོ་ནི་དེ་ཡང་ གལ་ཆེཝ་ལས་ ལཱ་ག་ཅི་བཟུམ་འབད་རུང་ བདག་གཞན་གཉིས་ཆ་ར་ལུ་ ཁེ་ཕན་ཡོད་པ་ཅིན་ ཁ་གཏང་དགོཔ་དང་ བརྙས་བཅོས་འབད་དགོ་པའི་ གཞི་ཁུངས་ཅིག་ མི་མཐོངམ་མས།
ད་རེས་ནངས་པར་ འབྲུག་པའི་ན་གཞོན་༤,༠༠༠ ལྷགཔ་ཅིག་ ཕྱི་རྒྱལ་ལུ་ ལཱ་འབད་དེ་ཡོདཔ་ལས་ ཁོང་གིས་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ ཕྱི་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༡.༡༦ བསྐྱལ་ཡོདཔ་ལས་ འབྲུག་གི་དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་བྱུང་སྟེ་ཡོདཔ་ཨིན།
འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ ལཱ་གཡོགཔ་ཚུ་གི་ཐད་ལུ་ གསང་སྤྱོད་འཕྱག་མི་དང་ ཕྱགས་བདར་རྐྱབ་མི་ཨིན་རུང་དྲག་ བློན་པོ་དང་ དྲུང་ཆེན་ཨིན་རུང་དྲག་ གུས་ཞབས་དང་ བརྩི་མཐོང་འདྲན་འདྲ་བསྐྱེདཔ་ཨིན་མས།
འདི་འབདཝ་ལས་ རྒྱལ་ཁབ་མང་ཤོས་ཅིག་ནང་ གཙོ་འཛིན་དང་ དེད་གཡོགཔ་གི་བར་ན་ ངོ་ཕྱེ་ཚུགས་པར་ ལཱ་ཁག་ཡོདཔ་ད་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཉུང་སུ་ཅིག་ལས་བརྒལ་ མེད་མིའི་ནང་ ལཱ་གཡོག་མཐོ་དམན་གྱི་ དབྱེ་བ་ཕྱེ་པ་ཅིན་ ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་ལུ་ སེམས་ཤུགས་ཉམས་ཏེ་ བཟོ་སྐྲུན་ལ་སོགས་པའི་ སྦུང་ལཱ་ཚུ་ འབད་ནི་གི་ སྤྲོ་བ་མི་བསྐྱེད་ནི་ཨིནམ་ལས་ ལཱ་གཡོག་གི་ དཀའ་ངལ་ཧེང་སྐལ་ར་ འབྱུང་ནི་གི་ ཉེན་ཁ་ཡོད་ཟེར་ ཞུ་ནི་ཨིན།
Check Also
ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།
༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …