ལཱ་གཡོག་ས་སྟོང་༤,༤༠༠ དེ་ཅིག་ཡོད་རུང་ ལཱ་གཡོག་འཚོལ་མི་ ན་གཞོན་གངམ་མེདཔ།

༉ ཁ་ཙ་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་དེ་ སྤ་རོ་ལས་ དྲོ་པའི་ཆུ་ཚོད་༨ ལས་ རེ་བ་སྦོམ་བསྐྱེད་དེ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་ལཱ་གཡོག་འགྲེམས་སྟོན་ནང་ ལཱ་གཡོག་འཚོལ་བར་འོང་ནུག།

དེ་འབདཝ་ད་ ཀུན་བཟང་ཡེ་ཤེས་དེ་ དབུགསའགམ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ འགྲེམས་སྟོན་ནང་ ལཱ་གཡོག་གི་ ས་སྟོང་གསལ་བསྒྲགས་འབད་མི་ མང་ཤོས་ཅིག་ནང་ ལོ་ཚད་བཟོ་ཡོདཔ་མ་ཚད་ ཉམས་མྱོང་དགོཔ་སྦེ་ ཡོད་མི་ལུ་བརྟེན་ཨིན་པས།

ཀུན་བཟང་ཡེ་ཤེས་དེ་ སྤྱི་ལོ་༢༠༡༤ ལུ་ པཱན་ཇབ་གཙུག་ལག་སློབ་སྡེ་ལས་ ཚན་རིག་སྲིད་བྱུས་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ ད་རེས་ ལཱ་གཡོག་འགྲེམས་སྟོན་ནང་ འགོ་དང་པ་ བཅའ་མར་གཏོགསཔ་ཨིན་པས།

ཀུན་བཟང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ འགྲེམ་སྟོན་ནང་ ལཱ་གཡོག་གི་ ས་སྟོང་གསལ་བསྒྲགས་འབད་མི་ནང་ ལོ་ཚད་༡༨-༣༠ ཚུན་ བཟོ་མི་ལུ་བརྟེན་ ཁོ་གི་ མནོ་དོན་འགྲུབ་ནི་ཕར་བཞག་ རེ་ཐག་ཆད་སོ་ཡི་ཟེར་ཨིན་པས།

ཁོ་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ ལོ་༤ གི་ནང་འཁོད་ལུ་ གཞུང་དང་ སྒེར་གྱི་ལས་སྡེ་ཚུ་ནང་ ལཱ་གཡོག་གི་དོན་ལུ་ ཞུ་ཡིག་ཐེངས་༧ དེ་ཅིག་བཙུགས་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།

ཁ་ཙ་ལས་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ལཱ་གཡོག་འགྲེམས་སྟོན་ཐེངས་༡༥ པའི་ནང་ ལཱ་གཡོག་གི་ ས་སྟོང་༤,༤༠༠ དེ་ཅིག་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ཕྱི་ནང་༢ ཆ་ར་ལས་ ལཱ་གཡོག་འགྲེམས་སྟོན་འབད་མི་༥༣ གྱིས་ བཅའ་མར་གཏོགས་ནུག།

འགྲེམས་སྟོན་འགོ་འབྱེད་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཧེ་མ་དང་ཕྱདཔ་ད་ ད་རེས་ རྒྱལ་ཁབ་ནང་ ལཱ་གཡོག་གི་ ས་སྟོང་ལེ་ཤ་ཡོདཔ་ལས་ ད་རེས་ འགྲེམས་སྟོན་འགོ་འདྲེན་འཐབ་མི་ཡང་ ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་ནིའི་དོན་ལུ་ཨིན་ཟེར་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ལཱ་གཡོག་ཡོངས་བསྡོམས་མ་བརྩིས་བར་ འགྲེམས་སྟོན་ནང་ བཅའ་མར་གཏོགས་པར་ འོང་མི་ཚུ་ རྐྱངམ་གཅིག་གི་དོན་ལུ་ ལཱ་གཡོག་ས་སྟོང་༢,༢༠༠ དང་ སྦྱོང་བརྡར་གྱི་ ས་སྟོང་༨༣༣ དེ་ལས་ ཕྱི་རྒྱལ་གྱི་ ལཱ་གཡོག་ས་སྟོང་༡,༤༥༩ བརྩིས་ཏེ་ ལཱ་གཡོག་ས་སྟོང་༤,༨༠༠ དེ་ཅིག་ གསལ་བསྒྲགས་འབད་དེ་ཡོད་ཟེར་ཨིན་པས།

ད་རེས་ ཕྱིའི་རྒྱལ་ཁབ་ཚུ་གིས་ འབྲུག་མི་ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་མི་དེ་ཡང་ རྒྱལ་ཁབ་ནང་ ཤེས་ཡོན་གྱི་ སྤུས་ཚད་ལུ་བརྟེན་ ན་གཞོན་ཚུ་ ལྕོགས་གྲུབ་དང་ འཇོན་ཐང་ཅན་ཡོད་མི་ལུ་བརྟེན་ཨིནམ་ད་ ཕྱི་རྒྱལ་གྱི་ ལས་སྡེ་ཚུ་ འབྲུག་མི་ཚུ་ལུ་ ལཱ་གཡོག་བྱིན་ནིའི་དོན་ལུ་ སག་ལང་སྟེང་འདུག་ཟེར་གསུངས་ཡི།

འབྲུག་པའི་ན་གཞོན་ཚུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་འབད་བར་སོང་མི་དེ་ཡང་ རྒྱལ་ཁབ་ནང་ ལཱ་གཡོག་མེད་ནི་དེ་གིས་མེན་པར་ ལཱ་གི་ཉམས་མྱོང་དང་ འོང་འབབ་བཟོ་བར་ཨིན་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ལཱ་གཡོག་རང་དབང་དང་ རང་གི་གུས་ཞབས་ཟེར་ བརྗོད་དོན་ཐོག་ལུ་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ འགྲེམས་སྟོན་ནང་ ལཱ་གཡོག་འཚོལ་མི་ ན་གཞོན་༥༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༡༢ ལྷགཔ་ཅིག་ཡོདཔ་ད་ སྤྱིར་བཏང་ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༢ དེ་ཅིག་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ལཱ་གཡོག་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་གྱིས་ ན་གཞོན་ལཱ་གཡོག་མ་ཐོབ་མི་ཚུ་ལུ་ ལྷན་ཁག་གི་ ཚ་གྱང་སྦོམ་ཤོས་ཅིག་ཨིན་ཟེར་ བཤད་པའི་ཁར་ ད་རེས་ ན་གཞོན་ལཱ་གཡོག་མ་ཐོབ་པར་ ལུས་མི་ཚུ་ཡང་ ལཱ་གཡོག་མེད་ནི་དེ་གིས་མེན་པར་ ལཱ་གཡོག་དང་ རིག་རྩལ་ དེ་ལས་ དང་འདོད་ཚུ་ མ་མཐུན་མི་ལུ་བརྟེན་ཨིན་མས་ཟེར་བཤད་ཅི།

ན་གཞོན་ལཱ་གཡོག་ མ་ཐོབ་པའི་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཁག་གིས་ རིག་རྩལ་སྦྱོང་བརྡར་དང་ སྒེར་སྡེ་ནང་ ལཱ་འབད་ནི་ལུ་ དང་འདོད་ཡོད་མི་ཚུ་ལུ་ ལྟོ་ཕོགས་ཀྱི་ རྒྱབ་སྐྱོར་ དེ་ལས་ གཞུང་དབང་ལས་སྡེ་ཚུ་ནང་ ལཱ་གཡོག་ཚུ་ བྱིན་དོ་ཟེར་ཨིན་པས།

ལས་གཡོག་ལྷན་ཁག་གི་ ལས་རིམ་སྣ་ཚོགས་ལུ་བརྟེན་ འདས་པའི་ལོ་༥ གི་ནང་འཁོད་ལུ་ ན་གཞོན་༢༥,༠༠༠ དེ་ཅིག་ལུ་ ཁེ་ཕན་བྱུང་སྟེ་ཡོད་མིའི་གྲས་ལས་ སྤྱི་ལོ་༢༠༡༧ ལུ་ ན་གཞོན་༥༠༠ དེ་ཅིག་ ཇ་པཱན་ལུ་ ལཱ་འབད་བར་བཏང་མི་དེ་ཨིན་པས།

ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་མི་ འགྲེམས་སྟོན་ལས་རིམ་ནང་ བྷུ་ཊན་ལཱ་གཡོག་འཚོལ་ཞིབ་ཟེར་མི་ མོ་བཱ་ཡལ་རིམ་ལུགས་ཅིག་ཡང་ གསར་བཏོན་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *