༉ འདས་པའི་ཟླཝ་ནང་ དགེ་ལེགས་ཕུག་ལུ་ཡོད་མི་ སྒེར་གྱི་ལས་སྡེ་ཅིག་གིས་ དེད་གཡོག་པའི་ ས་སྟོང་༢ བརྡ་བརྒྱུད་གསར་ཤོག་ཐོག་ལས་ གསལ་བསྒྲགས་འབད་བའི་ཉིན་མ་ར་ བརྒྱུད་འཕྲིན་གྱངས་ཁ་མ་ཆོདཔ་སྦེ་ལྷོད་ནུག།
ལཱ་གཡོག་འཚོལ་མི་ཚུ་གིས་ སྒེར་གྱི་ལས་སྡེའི་ མིང་གནས་དང་ རྒྱུན་བརྟན་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ དྲི་ནི་མེན་པར་ ལཱ་འབད་སའི་ ས་ཁོངས་ག་ཏེ་ཨིན་ན་ཟེར་ དྲི་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་ལུ་ཨིན་ཟེར་ སླབ་པའི་བསྒང་ལས་ འགྲུལ་འཕྲིན་བཞག་ཡོདཔ་ལས་ གསལ་བསྒྲགས་འབད་མི་ ལས་སྡེའི་ཇོ་བདག་དེ་ རྣམ་རྟོག་ར་ ལང་དགོཔ་བྱུང་ནུག།
ད་རུང་ ཐིམ་ཕུག་ལུ་ བརྡ་བརྒྱུད་ལས་ཁང་ཅིག་གིས་ ལཱ་གི་ས་སྟོང་དག་པ་ཅིག་འབད་ཡོད་རུང་ ཞུ་ཡིག་བཙུགས་མི་རེ་གཉིས་མ་གཏོགས་ མ་ཐོན་པས།
ན་གཞོན་དང་ ལཱ་གཡོག་འཚོལ་མི་ཚུ་གིས་ གྲོས་གནས་ག་ཅི་ནང་འབད་རུང་ རྒྱལ་ཁབ་ནང་ ལཱ་གཡོག་མི་ཐོབ་པས་ཟེར་ ཉོགས་བཤད་བཀོདཔ་མ་ཚད་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོད་པའི་ ལོ་རྒྱུས་དེ་ར་སླབ་སར་གོཝ་མས།
ཕྱོགས་གཅིག་ལས་འབད་བ་ཅིན་ དཔེར་ན་ ཐིམ་ཕུག་ལུ་ འདས་པའི་ཉིནམ་གཉིས་ཀྱི་རིང་ རྒྱལ་ཡོངས་ལཱ་གཡོག་འགྲེམས་འགོ་འདྲེན་འཐབ་སར་ ལཱ་གཡོག་གི་ ས་སྟོང་༤,༠༠༠ ལྷགཔ་ཅིག་ཡོད་པའི་ གསལ་བསྒྲགས་འབད་བའི་ཁར་ གཞུང་གི་ཧོངས་ལས་འབད་རུང་ ན་གཞོན་ཚུ་གི་དོན་ལས་ ལཱ་གཡོག་གི་ ས་སྟོང་ལངམ་སྦེ་ཡོད་ཟེར་ གསུངས་བཞིན་དུ་ཡོདཔ་ཨིན།
འདི་འབདཝ་ད་ ལཱ་གཡོག་འཚོལ་མི་ཚུ་གིས་ ལཱ་གཡོག་ཡོད་རུང་ སྤྲོ་བ་ལེན་མ་བཏུབ་མི་དང་ ལཱ་གཡོག་བྱིན་རུང་ སྙིང་རུས་བསྐྱེད་དེ་ ལཱ་འབད་ནི་མེད་པའི་ ལོ་རྒྱུས་ཚུ་ལུ་ བལྟ་བ་ཅིན་ གཡོག་གི་ས་སྟོང་མེད་པའི་ དཀའ་ངལ་མེན་པར་ ལཱ་གཡོག་འཚོལ་མི་ཚུ་གི་ སྤྲོ་བ་དང་ མནོ་ལུགས་ལུ་བརྟེན་ འོང་ནི་བཟུམ་ཅིག་འདུག།
རང་ལཱ་འབད་དགོ་མནོ་བ་ཅིན་ བྱག་ཨིན་རུང་ དོང་སྤེད་དགོ་ཟེར་ སླབ་སྲོལ་ཡོདཔ་བཟུམ་ ད་རེས་ནངས་པར་ ལཱ་གཡོག་གི་ས་སྟོང་དང་ ན་གཞོན་ལཱ་གཡོག་འཚོལ་མིའི་བར་ན་ དོ་འགྲན་སྦོམ་བྱུང་པའི་ ནམ་དུས་ལུ་ ལཱ་གཡོག་ག་ཅི་ར་ཨིན་རུང་ གདམ་ཁ་མ་རྐྱབ་པར་ ངོས་ལེན་འབད་བ་ཅིན་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་མར་ཕབ་འགྱོ་འོང་།
ལཱ་གཡོག་རང་དབང་དང་ རང་གི་གུས་ཞབས་ཟེར་ བརྗོད་དོན་ཐོག་ལུ་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ལཱ་གཡོག་འགྲེམ་སྟོན་ནང་ ལཱ་གཡོག་ས་སྟོང་༢,༢༠༠ དང་ སྦྱོང་བརྡར་གྱི་ ས་སྟོང་༨༣༣ དེ་ལས་ ཕྱི་རྒྱལ་གྱི་ ལཱ་གཡོག་ས་སྟོང་༡,༤༥༩ བརྩིས་ཏེ་ ལཱ་གཡོག་ས་སྟོང་༤,༤༠༠ དེ་ཅིག་ གསལ་བསྒྲགས་འབད་ཡོད་རུང་ ན་གཞོན་༡༠༠ དེ་ཅིག་གིས་མ་གཏོགས་ བཅའ་མར་མ་གཏོགས་པས།
འབྲུག་ལུ་ དཀའ་ངལ་སྦོམ་ཤོས་ར་ ལཱ་གཡོག་གི་ ས་སྟོང་ཡོད་རུང་ ལཱ་གཡོག་དང་ ལཱ་གཡོག་འཚོལ་མི་ཚུ་གི་ རིག་རྩལ་དང་ སྤྲོ་བ་ཚུ་ ཆ་མ་མཐུན་ནི་དེ་གིས་ཨིནམ་སྦེ་ བཤདཔ་ཨིན་རུང་ ང་བཅས་རའི་ ན་གཞོན་ཚུ་ སྒྱིད་ཐག་ཡང་དྲགས་ཡོད་པ་ཅིན་ ལཱ་གཡོག་ག་ཅི་བཟུམ་ཡོད་རུང་འབད་ཚུགས།
ཕྱི་རྒྱལ་ལུ་ ལཱ་འབད་བར་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ སོང་ཡོད་མི་ཚུ་གི་གྲས་ལས་ སྒྱིད་ཐག་ཡང་དྲགས་ཡོད་མི་ཚུ་གིས་ མཐར་འཁྱོལ་བྱུང་རུང་ ཕམ་ཚུ་གིས་ ལང་ཤར་བཏང་མི་དང་ སྒྱིད་ངན་ཚུ་གི་ཐད་ལུ་ སྙིང་རུས་བསྐྱེད་དེ་ ལཱ་མ་འབད་བར་ ལཱ་གཡོག་གི་ ལས་སྡེ་དང་ གཞུང་ལུ་ ཁ་བཏང་མི་དེ་ འོས་འབབ་ཅིག་ མི་མཐོངམ་མས།
འདི་འབདཝ་ལས་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་གིས་ མནོ་ལུགས་བསྒྱུར་བཅོས་འབད་དེ་ ལཱ་གཡོག་གི་ གོ་སྐབས་ག་ཅི་ར་ཨིན་རུང་ ལེན་ཐོག་ལས་ སེམས་ཤུགས་བསྐྱེད་དེ་ ལཱ་འབད་བ་ཅིན་ རང་སོའི་མི་ཚེ་མཐར་འཁྱོལ་མ་ཚུགས་པའི་ དཔེ་མི་སྲིད།
Check Also
གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།
༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …