ལཱ་གཡོག་བརྡ་དོན་ལམ་སྟོན་གྱིས་ ལཱ་གཡོག་འཚོལ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ།

༉ ལས་གཡོག་ལྷན་ཁག་འོག་གི་ ལཱ་གཡོག་ལས་ཁུངས་ཀྱིས་ འཕྲལ་ཁམས་ཅིག་ཁར་ ལཱ་གཡོག་བརྡ་དོན་ལམ་སྟོན་༢༠༡༨ ཅན་མ་ པར་སྐྲུན་འབད་མི་དེ་གིས་ ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
ཤོག་གྲངས་༦༥ འབད་མི་ ལམ་སྟོན་དེ་ནང་ ན་གཞོན་ཚུ་ལུ་ ཕན་ཐོགས་ཅན་གྱི་ དོན་ཚན་ལེ་ཤ་ཡོད་པའི་གྲས་ལས་ ལས་ཁུངས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ ཐོ་བཀོད་འབད་ཐངས་ལས་འགོ་བཙུགས་ ཞུ་ཡིག་འབྲི་ཐངས་དང་ ལཱ་གཡོག་འཚོལ་ཐངས་ རིག་རྩལ་སྦྱོང་བརྡར་དང་ རྒྱལ་ཁབ་ནང་འཁོད་ཀྱི་ སྦྱོང་བརྡར་སྤེལ་ཁང་ཚུ་གི་བརྡ་དོན་ དེ་ལས་ དྲི་བཀོད་ཀྱི་དོན་ལུ་ གྲ་སྒྲིག་འབད་ཐངས་དང་ སྤྱིར་བཏང་དྲི་བཀོད་འབད་མི་ དྲི་བ་ཚུ་གི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།
དེ་ཡང་ ལཱ་གཡོག་གི་རྒྱབ་སྐྱོར་འཚོལ་མི་ འབྲུག་མི་སྐྱེས་ལོ་༡༨ དང་༢༦ གི་བར་ན་འབད་མི་ཚུ་གིས་ རང་གི་ཡིག་ཆས་ཚུ་དང་སྦྲགས་ཏེ་ ཐོ་བཀོད་འབད་མི་དེ་གིས་ དུས་དང་དུས་སུ་ ལཱ་གཡོག་གི་ གོ་སྐབས་མ་འདྲཝ་ཚུ་གི་སྐོར་ལས་ བརྡ་ལན་འབད་ནི་དང་ ལཱ་གཡོག་སོ་སོ་ནང་ རང་གི་དང་འདོད་ཚུ་ བཀོད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ལམ་སྟོན་དེ་ནང་ ཐོ་བཀོད་ཅན་གྱི་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ ཐད་ཀར་དུ་ལཱ་གཡོག་སྤྲོད་ནིའི་ ལམ་ལུགས་ཡང་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་ནང་ མཉམ་འབྲེལ་ཐོག་ལས་ ལཱ་གཡོག་བྱིན་མི་ལས་སྡེ་དང་ ལས་གཡོག་ལྷན་ཁག་གིས་ ཟད་འགྲོ་བགོ་བཤའི་ཐོག་ལས་ ན་གཞོན་ཚུ་ལུ་ ལོ་༢ ཀྱི་རིང་ དངུལ་ཕོགས་སྤྲོད་ནི་ཨིན་པས།
ལྷན་ཁག་གིས་ དངུལ་ཕོགས་ཀྱི་ཚད་གཞི་ཅིག་ བཟོ་མི་དང་འཁྲིལཝ་ད་ མཐོ་རིམ་ཤེས་ཚད་དམ་ སྨན་གཡོགམོ་ དེ་ལས་ བཟོ་རིག་ཤེས་ཡོན་ཡོད་མི་གིས་ ཟླ་རིམ་བཞིན་དུ་ ལྷན་ཁག་ལས་ དངུལ་ཀྲམ་༧,༥༠༠ དང་ སློབ་རིམ་༡༢ པ་དང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ དེ་ལས་ ཌིབ་ལོ་མའི་ ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ དངུལ་ཀྲམ་༥,༢༥༠ སློབ་རིམ་༡༠ པ་དང་༡༡ པ་ཚུ་ལུ་ དངུལ་ཀྲམ་༣,༧༠༠ བྱིན་ནི་ཨིནམ་ད་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ དངུལ་ཀྲམ་༣,༧༥༠ རེ་ སྤྲོད་ནི་ཨིན་པས།
དེ་ནང་ ཕྱི་རྒྱལ་ལཱ་གཡོག་གི་སྐོར་ལས་ཡང་ ཚུད་དེ་ཡོདཔ་ད་ ལས་གཡོག་ལྷན་ཁག་གིས་ འབྲུག་མི་ ཕྱི་རྒྱལ་ལུ་ ལཱ་འབད་བར་འགྱོ་མི་ཚུ་གི་ ཉེན་སྲུང་དང་གནད་དོན་གཞན་ཚུ་ལུ་བརྟེན་ སྟབས་མ་བདེ་བའི་གནས་སྟངས་ཚུ་ འཐོན་པའི་སྐབས་ སེལ་ཐབས་ཀྱི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་འོག་གི་ འབྲུག་གི་དོན་གཅོད་ཡིག་ཚང་ཚུ་དང་ དེ་ལས་ ལཱ་གཡོག་ངོ་ཚབ་ཚུ་དང་གཅིག་ཁར་ འབྲེལ་མཐུན་བཟོ་སྟེ་ ཡོད་ཟེར་ཨིན་པས།
ལམ་སྟོན་དེ་ནང་ ལྷན་ཁག་གིས་ ཆ་འཇོག་འབད་མི་ འབྲུག་གི་ཕྱི་རྒྱལ་ལཱ་གཡོག་ངོ་ཚབ་༧ གྱི་ ཁ་བྱང་དང་སྦྲགས་ཏེ་ བརྡ་དོན་ཚུ་ བྱིན་ཏེ་ཡོདཔ་ཨིན་པས།
ལས་མའི་ཞིབ་འཚོལ་༢༠༡༦ དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ལཱ་གཡོག་མེད་པའི་ ན་གཞོན་གྱི་གནས་ཚད་དེ་ བརྒྱ་ཆ་༡༣.༣ ཨིནམ་ད་ ལྷན་ཁག་གི་ སྔོན་བཤད་དང་འཁྲིལཝ་ད་ ལོ་༥ འི་འཆར་གཞི་༡༢ པའི་ནང་ ལཱ་གཡོག་འཚོལ་མི་ན་གཞོན་བསྡོམས་༧༠,༤༦༩ གུ་ལྷོད་ནི་ཨིནམ་ད་ དེ་ཚུའི་གྲས་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་༡༥,༢༦༠ དང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་༣༡,༥༠༤ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༨,༩༥༧ དང་ དེ་ལས་ གཞན་༤,༧༤༨ འོང་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *