༉ རང་དང་བསྟུན་པའི་ ལཱ་གཡོག་ཆུང་ཀུ་ཅིག་ཨིན་རུང་ སྤྲོ་བ་དང་ དང་འདོད་སྒོ་ལས་ མི་སྡེ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ཚུགས་ནི་དེ་གིས་ མི་ཚེ་མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་ལས་ ངང་ལམ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡ ལྷགཔ་ཅིག་འགྱོཝ་ད་ གཞུང་ལམ་འོག་ལུ་ སྣུམ་ འཁོར་བཅོ་ཁང་གཞི་བཙུགས་འབད་སར་ ན་གཞོན་བུམོ་༢ ཀྱིས་ སྣུམ་འཁོར་གྱི་ ཅ་ཆས་ཚུ་བཙོང་བའི་ཁར་ ཟ་ཁང་གི་ལཱ་ཡང་ འབད་དོ་ཡོདཔ་ཨིན་པས།
དེ་ཡང་ པདྨ་དགའ་ཚལ་རྫོང་ཁག་ལས་ སྐྱེས་ལོ་༢༤ ལང་མི་ བདེ་ཆེན་དབང་མོ་གིས་ སྤྱི་ལོ་༢༠༡༣ ལུ་ པདྨ་དགའ་ཚལ་ ནང་སྐོར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་རུང་ སློབ་རིམ་༡༡ པ་ལྷབ་ནིའི་གོ་སྐབས་ འཐོབ་མ་ཚུགསཔ་ལས་ ད་རེས་ནངས་པར་ སྣུམ་འཁོར་བཅོ་ཁང་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་དབྱངས་ཅན་གྱིས་ སྤྱི་ལོ་༢༠༡༢ ལུ་ པདྨ་དགའ་ཚལ་ ནང་སྐོར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་ཡོདཔ་ད་ ད་རེས་ སྣུམ་འཁོར་གྱི་ ཅ་ཆས་མཛོད་ཁང་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ མོ་གི་ལཱ་འགན་དེ་ འཛིན་སྐྱོང་པ་ཨིནམ་ལས་ ཡི་གུ་གཏོང་ལེན་འབད་ནི་དང་ ཡིག་ཚང་བཀའ་རྒྱ་འབྲི་ནི་ དེ་ལས་ རིན་བསྡུར་ལ་སོགས་པའི་ ཡི་གུ་ཚུ་ འབྲི་དོ་ཟེར་ཨིན་པས།
བསོད་ནམས་དབྱངས་ཅན་གྱིས་ སླབ་མི་དང་འཁྲིལཝ་ད་ ཕམ་ཉམ་ཆུང་ཨིནམ་ལས་ མཐོ་རིམ་ཤེས་ཡོན་ལྷབ་ནིའི་གོ་སྐབས་ འཐོབ་མ་ཚུགས་ནི་དེ་གིས་ སོ་ནམ་གྱི་ལཱ་འབད་སྡོད་ཅི་ཟེར་ཨིན་པས།
ཁོང་༢ ལུ་ སྣུམ་འཁོར་བཅོ་ཁང་ ཇོ་བདག་གིས་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༧༥༠༠ རེ་ བྱིན་དོ་ཡོད་པའི་ཁར་ ཁང་གླ་དང་ བཟའ་འཐུང་ཡང་ རིན་མེད་སྟོང་པར་སྦེ་ བྱིན་དོ་ཡོདཔ་ལས་ ཁོང་རའི་ ཕམ་དང་སྤུན་ཆ་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཚུགས་ནི་དེ་གིས་ སེམས་དགའཝ་མས་ཟེར་ སླབ་ཨིན་པས།
བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལས་ སྣུམ་འཁོར་བཅོ་ཁང་ནང་ ལཱ་འབད་ནི་འགོ་ བཙུགས་པའི་སྐབས་ སྣུམ་འཁོར་གངམ་འོང་ནི་མེད་རུང་ ད་རེས་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་མཐུད་སྦྲེལ་འབད་མི་ལུ་བརྟེན་ སྣུམ་འཁོར་ལེ་ཤ་འོང་བའི་ཁར་ འོང་འབབ་ཡང་ ལེགས་ཤོམ་སྦེ་ བཟོ་ཚུགས་པས་ཟེར་ཨིན་པས།
དངུལ་རྩིས་འགོ་དཔོན་སྦེ་ ལཱ་འབད་མི་ སངས་རྒྱས་དབང་མོ་གིས་ སླབ་མིའི་ནང་ ཕོ་མོ་འདྲ་མཉམ་གྱི་ སྲིད་བྱུས་ལྟར་དུ་ སྤྱི་ཚོགས་ནང་ཡང་ བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ རྒྱལ་ཡོངས་ནང་ དཔེ་སྟོན་ཡོད་མི་དང་ དུས་ཅི་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ངོ་དེ་ བསོད་ནམས་དཔལ་འཛོམས་ བཙག་འཐུ་གྲུབ་ ཡོདཔ་ལས་ ཨམ་སྲུ་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ཚུ་ སྟོན་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
དཔེ་དེ་བཞིན་དུ་ གཞུང་དང་ སྒེར་སྡེ་ཡིག་ཚང་ལེ་ཤ་ཅིག་ནང་ ཨམ་སྲུ་ཚུ་གིས་ འགོ་དཔོན་སྦེ་ ཕྱག་ཞུ་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་བཟུམ་སྦེ་ སྣུམ་འཁོར་བཅོ་ཁང་ཚུ་ནང་ཡང་ ཨམ་སྲུ་ཚུ་གིས་ འགོ་ཁྲིད་ འབད་དོ་ཡོདཔ་ལས་ ངལ་རངས་བྱུངམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།
རྒྱལ་པོའི་ཞིང་ལས་ བཀྲིས་ཕུན་ཚོགས།