ལས་སྡེ་ཚུ་གིས་ ཁག་འབགཔ་ཚུ་ལུ་ དུས་ཚོད་ཁར་ དངུལ་སྤྲོད་དགོཔ་གལ་ཅན།

༉ ཁག་འབགཔ་ཚུ་ལུ་ རྩིས་ཐོ་དང་ ཡང་ཅིན་ ཐོབ་རྩིས་ཚུ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ བྱིན་མ་བཏུབ་པའི་གནད་ལས་ ཅ་ཆས་མཁོ་སྒྲུབ་འབད་མ་ཚུགས་པའི་ཚ་གྱང་ཚུ་ བཤད་ཡོདཔ་ལས་ དངུལ་རྩིས་བློན་པོ་གིས་ ལས་སྡེ་ཚུ་གིས་ དུས་ཚོད་དང་འཁྲིལ་ཏེ་ དངུལ་སྤྲོད་ཚུ་ རྩིས་རྐྱབ་སྟེ་ བྱིན་དགོཔ་སྦེ་ དྲན་སྐུལ་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༡ པའི་ཚེས་༢༠ ལུ་ དངུལ་རྩིས་བློན་པོ་གིས་ དུས་ཡུན་ཞག་གྲངས་༣༠ དང་ ཁག་འབགཔ་གན་རྒྱ་དང་འཁྲིལ་ རྩིས་ཐོ་དང་ ཐོབ་རྩིས་ཚུ་ སྤྱི་ཟླ་༡ པའི་ཚེས་༢༣ ལས་ ཆད་ལུས་མེད་པར་ དངུལ་འབྲེལ་ལས་སྡེ་ཚུ་གིས་ ཁག་འབགཔ་ཚུ་ལུ་ བྱིན་དགོ་ཟེར་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་གིས་ དང་ལེན་འབད་དགོ་མི་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ ཐིམ་ཕུག་གི་ འབྲུག་ཚོང་དང་བཟོ་གྲྭའི་ཞལ་འཛོམས་ཁང་ནང་སྦེ་ སྒེར་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཚོགས་པའི་སྐབས་ ཁག་འབགཔ་ཚུ་གིས་ ཚ་གྱང་ཡོད་ལུགས་དང་ ཐབས་ཤེས་དང་ གནས་སྐབས་ཚུ་ བཏོན་ཏེ་ དཀའ་ངལ་སེལ་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།

འབྲུག་ཁག་འབགཔ་ཚོགས་སྡེའི་ བཀོད་ཁྱབ་མདོ་ཆེན་ ཚེ་རིང་ཡོན་ཏན་གྱིས་ ཁག་འབགཔ་ཚུ་གི་ སྐྱིན་འགྲུལ་ལོག་བཏབ་ནི་དེ་ འོང་འབབ་གཞན་མེདཔ་ལས་ རྩིས་ཐོ་རྐྱངམ་གཅིག་ལས་ ཐོབ་མི་འོང་འབབ་དེ་གིས་ སྐྱིན་འགྲུལ་བཏབ་ཨིན་ཟེར་ཨིན་པས།

གཞུང་དང་ མཁོ་སྒྲུབ་ལས་སྡེ་ཚུ་གིས་ ཁག་འབགཔ་ཚུ་ལུ་ ཏི་རུ་མ་བྱིན་པར་ ཟླཝ་༦ དང་༨ ཚུན་ ཡུན་འགྱངས་བཞག་མི་ལུ་བརྟེན་ དུས་ཚོད་ཁར་ སྐྱིན་འགྲུལ་བཏབ་མ་ཚུགསཔ་ལས་ ལོག་སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གྲངས་སུ་ཚུདཔ་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།

ཟླཝ་༣ དང་ ཡང་ཅིན་ ཟླཝ་༣ ལས་ལྷག་སྟེ་ ལོག་སྐྱིན་འགྲུལ་བཏབ་མ་ཚུགས་པ་ཅིན་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ གྲངས་སུ་ཚུད་དོ་ཡོདཔ་ཨིན་པས།

དངུལ་ཁང་ལྟེ་བ་དང་འཁྲིལཝ་ད་ ཚར་གཅིག་ ལོག་སྐྱིན་འགྲུལ་བཏབ་མ་ཚུགས་པའི་ཤུལ་ལས་ ཟླ་ངོ་༦ གི་རིང་ ག་ནི་ཡང་འབད་མ་ཆོག་པར་ ས་སྟོང་སྦེ་ བསྒུག་སྡོད་དགོཔ་བཞིན་དུ་ གན་ཡིག་དང་ འཛིན་གྲོལ་ཚུ་ ག་ནི་ཡང་ བཏོན་མ་ཆོགཔ་ཨིན་པས།

དེ་གིས་སྦེ་ ཁག་འབགཔ་ཚུ་ རིན་བསྡུར་གཞན་མི་ཚུ་ཡང་ བཅའ་མར་གཏོགས་མ་ཆོགཔ་མ་ཚད་ ལས་འགན་གཞན་ག་ནི་ཡང་ འབག་མ་ཆོགཔ་ཨིན་ཟེར་ འབྲུག་ཁག་འབགཔ་ཚོགས་སྡེའི་གཙོ་འཛིན་ བཀྲིས་དབང་རྒྱལ་གྱིས་ བཤདཔ་ཨིན་པས།

ཁག་འབགཔ་༡༢ དེ་ཅིག་གིས་ དངུལ་ཡིག་བཏོན་མ་ཚུགས་མི་ལུ་བརྟེན་ དགོངས་ཕོག་བཏང་ཡོདཔ་ད་ དངུལ་རྩིས་བློན་པོ་གིས་ དྲན་སྐུལ་འབད་མིའི་ནང་ དངུལ་འབྲེལ་ལས་སྡེ་ཚུ་གིས་ ཏི་རུ་ཚུ་ དུས་ཚོད་ཁར་ བཏབ་དགོཔ་གལ་ཆེ་ཟེར་ཨིན་པས།

ཁྱབ་བསྒྲགས་འབད་མིའི་ནང་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལཝ་ད་ འཆར་དངུལ་ལས་སྡེ་ཚུ་གིས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ འགན་འཁྲི་འབགཔ་ཨིན་ཟེར་ འཁོད་དེ་འདུག།

དངུལ་རྩིས་དང་ རྩིས་དོན་ལག་དེབ་༢༠༡༦ ཅན་མའི་ དོན་ཚན་༧.༥.༣.༢ དང་འཁྲིལ་བ་ཅིན་ གན་ཡིག་ནང་ རྩིས་ཐོ་དང་འཁྲིལ་ཏེ་ ལཱ་འབད་ནིའི་དོན་ལུ་ དངུལ་སྤྲོད་ནི་དང་ བཀྲམ་སྤེལ་འབད་བའི་ཚེས་གྲངས་ལས་ ཞག་༣༠ འི་ནང་འཁོད་ལུ་ དངུལ་སྤྲོད་དགོཔ་ཨིན་ཟེར་ཨིན་པས།

ཚེ་རིང་ཡོན་ཏན་གྱིས་ སླབ་མིའི་ནང་ གཞུང་གིས་ ཁག་འབགཔ་ཚུ་གི་ རྩིས་ཐོ་ཚུ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ མ་སྤྲོད་པར་ བསྣར་འགྱངས་བཞག་མི་ཚུ་ ཆད་ལུས་མེད་པར་ སྤྲོད་དགོཔ་སྦེ་ དྲན་སྐུལ་འབད་མི་དེ་གིས་ ཁག་འབགཔ་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།

གལ་སྲིད་ ཟླཝ་༦ ཚུན་འབད་མི་དེ་ མར་ཕབ་རྐྱབ་སྟེ་ གཞུང་གིས་ ཟླཝ་༣ ཚུན་ བཟོ་གནང་པ་ཅིན་ ཁག་འབགཔ་ཚུ་གིས་ རྩིས་ཐོ་ཚུ་ བསྡུ་བསྒྱོམ་འབད་ཞིནམ་ལས་ སྐྱིན་འགྲུལ་ལོག་བཏབ་ཚུགས་པའི་ གོ་སྐབས་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *