༉ རྩ་མང་རྒེད་འོག་ནང་ སྨན་ཁང་དང་ སྒོ་ནོར་ སོ་ནམ་ དེ་ལས་ ནགས་ཚལ་ཡིག་ཚང་ཚུ་ གཞི་བཙུགས་འབད་དེ་ཡོད་རུང་ ཆ་མཉམ་ར་ ཁ་སྟོར་ཏེ་ཡོདཔ་ལས་ མི་སེར་ཚུ་གིས་ ཞབས་ཏོག་ལེན་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
རྩ་མང་རྒེད་འོག་ཡིག་ཚང་དེ་ མོང་སྒར་རྫོང་ཁག་ལས་ ཀི་ལོ་མི་ཊར་༨༠ དེ་ཅིག་གི་ ས་གནས་ནང་ཆགས་ཡོདཔ་ད་ རྫོང་ཁག་གཞན་གྱི་ རྒེད་འོག་ཚུ་ནང་བཟུམ་སྦེ་ སོ་ནམ་དང་ སྒོ་ནོར་ དེ་ལས་ ནགས་ཚལ་ལས་སྡེ་ཁག་གི་ ཡིག་ཚང་ཚུ་ རྒེད་འོག་ཡིག་ཚང་གི་ ཉེ་འདབས་ལུ་ མེདཔ་ཨིན་པས།
རྒེད་འོག་ཡིག་ཚང་དེ་ རྩ་མང་སྤྱི་འོག་ལས་ ཀི་ལོ་མི་ཊར་༡༠ ལུ་ཆགས་ཡོདཔ་ལས་ སྒང་ལ་སྤོང་སྤྱི་འོག་དང་ རྩ་མང་སྤྱི་འོག་ དེ་ལས་ གཞན་སྤྱི་འོག་༤ གི་མི་སེར་ཚུ་ ཡིག་ཚང་ལྟེ་བ་ལས་ ཞབས་ཏོག་ལེན་ནི་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་པས།
ཨིན་རུང་ སོ་ནམ་དང་ ནགས་ཚལ་ དེ་ལས་ གསོ་བའི་སྨན་ཁང་ཚུ་ རྩ་མང་སྤྱི་འོག་ནང་ ཆགས་ཏེ་ཡོདཔ་ལས་ ཞབས་ཏོག་སྤྱོད་ནིའི་དོན་ལུ་ སྒང་ལ་སྤོང་སྤྱི་འོག་གི་ མི་སེར་ཚུ་ ཉིནམ་༡ འགོར་དོ་བཟུམ་སྦེ་ སྤྱི་འོག་གཞན་གྱི་ མི་སེར་ཚུ་ལུ་ཡང་ དོ་འགྲན་བྱུང་བཞིན་དུ་འདུག།
རྩ་མང་སྤྱི་འོག་ལས་ སྐྱེས་ལོ་༦༠ ལང་མི་ ནག་སི་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཡིག་ཚང་ལྟེ་བ་དེ་ བཱན་ཇར་སྤྱི་འོག་ལས་ སྤོ་བཤུད་འབད་དེ་ ལས་སྡེ་ཁག་གི་ ཡིག་ཚང་ཚུ་གི་ཉེ་འདབས་ལུ་ གཞི་བཙུགས་འབད་ཚུགས་པ་ཅིན་ དུས་ཡུན་ཐུང་ཀུ་ཅིག་ནང་ ཞབས་ཏོག་ཚུ་ སྤྱོད་ཚུགས་པའི་ ཕན་ཐོགས་འདུག་ཟེར་ སླབ་ཨིན་པས།
ལྷག་པར་དུ་ སྤྱི་འོག་ཚུ་གི་གྲས་ལས་ གུང་པ་མཐོ་ཤོས་ར་ རྩ་མང་སྤྱི་འོག་ནང་ཨིནམ་ལས་ གཞུང་དང་ མི་སེར་ དེ་ལས་ རྫོང་ཁག་གིས་ གཟིགས་ཞིབ་གནང་ཞིནམ་ལས་ ཡིག་ཚང་ཚུ་ རྒེད་འོག་གཞན་ཚུ་ནང་བཟུམ་སྦེ་ གཞི་བཙུགས་གནང་དགོཔ་ གལ་ཆེ་བས་ཟེར་ ཨིན་པས།
ཚོང་པ་ཅིག་ཨིན་མི་ སྐལ་བཟང་ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ཡིག་ཚང་ལུ་བརྟེན་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ཡིག་ཚང་ཚུ་ ཁ་སྟོར་ཏེ་ཡོདཔ་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ མཇུག་བསྡུ་ནི་ཨིན་མི་ལཱ་དེ་ རེ་ཚེ་སྐབས་ བདུན་ཕྲག་ལས་བཅད་དེ་ འགོརཝ་མས་ཟེར་ཨིན་པས།
བཱན་ཇར་གཡུས་ཚན་ལས་ སྲིད་ཐར་རྡོ་རྗེ་གིས་ བསམ་འཆར་བཀོད་མིའི་ནང་ ཧེ་མའི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་བརྟེན་ ད་རེས་ མི་སེར་ཚུ་ ཞབས་ཏོག་སྤྱོད་ནིའི་ནང་ དཀའ་ངལ་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཡིག་ཚང་ཚུ་ གཅིག་ཁར་ཡོད་དེ་འབད་བ་ཅིན་ རྩ་མང་རྒེད་འོག་ནང་ དཔལ་འབྱོར་གོང་འཕེལ་ལེ་ཤ་གིས་ ཡར་དྲག་འགྱོ་བའི་ཁར་ མི་སྡེའི་གནས་སྟངས་ཡང་ བསྒྱུར་བཅོས་འགྱོ་དོ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སྡེ་ལྟེ་བའི་ཡིག་ཚང་ལས་ ཡེ་ཤེས་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ ཡིག་ཚང་ལྟེ་བ་དེ་ རྒེད་འོག་གི་ དོན་ལུ་ སྦུག་ལུ་ཆགས་ཡོདཔ་ལས་ མི་རྩིས་གསརཔ་བཙུགས་ནི་དང་ གཏོན་ནི་ ཁྲིམས་སྲུང་འགག་སྡེ་ལས་ ཉོགས་མེད་ལག་ཁྱེར་ལེན་ནི་ ཤིང་གི་ཆོག་ཐམ་ལེན་ནི་ལ་སོགས་པའི་ ཞབས་ཏོག་ཚུ་གི་དོན་ལུ་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་ཡང་ ཉིན་བསྟར་བཞིན་དུ་ འོང་ནི་ཡོདཔ་ལས་ ཡིག་ཚང་ཚུ་ གཅིག་ཁར་ཡོད་པ་ཅིན་ ཁེ་ཕན་ལེ་ཤ་འབྱུང་ཚུགས་ཟེར་ཨིན་པས།
ལྷག་པར་དུ་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ལཱ་དང་ལས་རིམ་ཚུ་ བརྩམ་ནི་དང་ མི་སེར་ལུ་ ཞབས་ཏོག་བྱིན་པའི་སྐབས་ རྒེད་འོག་ལྟེ་བའི་ ཡིག་ཚང་སོ་སོ་ཁར་ ཆགས་ཡོདཔ་ལས་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།
སྤྱི་ལོ་༡༩༧༧ ལུ་ བཟོ་སྐྲུན་འབད་མི་ སྨན་ཁང་དེ་ཡང་ མཐའ་ཟུར་ཅིག་ནང་ཆགས་ཡོདཔ་ལས་ ནདཔ་ཚུ་འབག་སྟེ་ ཚལ་མ་ནང་ལས་ཕར་ འགྱོ་དགོ་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
རྒེད་འོག་གི་དམངས་མི་ བདེ་སྐྱིད་དཔལ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ ཡིག་ཚང་ཚུ་ ས་གནས་སོ་སོར་ནང་ཆགས་ཡོདཔ་ལས་ མི་སེར་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་མ་ཚུགས་པའི་ གདོང་ལེན་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།
གལ་སྲིད་ མི་སེར་ཚུ་གཅིག་མཐུན་སྦེ་ གྲོས་འཆམ་འབྱུང་ཚུགས་པ་ཅིན་ ལས་སྡེ་ཁག་གི་ཡིག་ཚང་ཚུ་ ས་གནས་གཅིག་ནང་ གཞི་བཙུགས་ཚུགས་པའི་ ཁེ་ཕན་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ ཡིག་ཚང་ཚུ་ ཁ་སྟོར་ཏེ་ཆགས་ཡོདཔ་ལས་ འཆར་གཞི་དང་བསྟུན་པའི་ གོང་འཕེལ་གྱི་ལས་སྣ་ཚུ་ ག་ཅི་ར་བརྩམ་རུང་ རང་སོའི་ས་གནས་ཀྱི་ མི་སེར་ཚུ་ལུ་ ཁེ་རྒུད་མ་བཏུབ་མི་ལུ་བརྟེན་ བར་ཆད་རྐྱབ་མས་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།