༉ སྤྱི་ལོ་༢༠༡༦-༡༧ ཟླ་༧ པའི་ནང་འཁོད་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལས་འབྲེལ་ལག་ལེན་ཡར་དྲག་གི་ བརྟག་ཞིབ་གྲུབ་འབྲས་དང་འཁྲིལ་ཏེ་ གཞུང་གི་ ལས་སྡེ་༨ དེ་ཅིག་ ལྷན་ཁག་ལས་ སོ་སོར་བཏོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞུང་གི་ ལས་སྡེ་ལ་ལོ་ཅིག་ ཞི་གཡོག་ལས་ ཕྱིར་བཏོན་ཐོག་ ཐ་དད་བཟོ་མི་དེ་གིས་ སྲིད་བྱུས་བརྩམ་ནི་དང་ ལཱ་ཚུ་འབད་བའི་སྐབས་ ལྷན་ཐབས་འབྱུང་ཚུགས་ཟེར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦-༡༧ ཅན་མའི་ནང་བཀོད་ནུག།
ལྷན་ཁག་ཚུ་ལས་ སོ་སོར་བཏོན་མི་ ལས་སྡེ་ཚུ་ཡང་ དངུལ་རྩིས་ལྷན་ཁག་གི༌འོག་ལུ་ རྒྱ་ཁྱབ་ཆེ་བའི་ དཔལ་འབྱོར་ལས་ཁུངས་དང་ ལས་གཡོག་ལྷན་ཁག་ལུ་ འཕྲུལ་རིག་ཤེས་ཡོན་ལས་ཁུངས་གཉིས་ ལས་སྡེ་གསརཔ་སྦེ་ གཞི་བཙུགས་འབད་ནུག།
དེ་ལས་ བསྟན་རྒྱས་ལྷན་ཁག་འོག་གི་ གནམ་གཤིས་ལས་ཁུངས་དེ་ སྤྱི་ལོ་༢༠༡༧ ཟླ་༢ པ་ལས་ ལྷན་ཁག་ལས་ སོ་སོར་བཏོན་པའི་ཤུལ་ལས་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་སྦེ་ བཟོ་ཡོདཔ་ད་ འབྲུག་བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་དེ་ ཞབས་ཏོག་ལྷན་ཁག་ལས་ ཕྱིར་བཏོན་ཐོག་ལས་ དབང་འཛིན་སྦེ་ གཞི་བཙུགས་འབད་ནུག།
དེ་མ་ཚད་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༥ ལས་ འབྲུག་གསོ་བའི་བློན་གཏད་མ་དངུལ་དེ་ གསོ་བའི་ལྷན་ཁག་ལས་ ལས་སྡེ་སོ་སོར་བཟོ་སྟེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པས།
སྙན་ཞུ་ནང་ ལས་འབྲེལ་ལག་ལེན་ཡར་དྲག་གི་ བརྟག་ཞིབ་རྒྱབ་སྣོན་༣ དེ་ཅིག་ ངོས་ལེན་འབད་ཡོད་རུང་ ད་ལྟོ་ཡོད་མི་ བཅའ་ཁྲིམས་དེ་ བསྒྱུར་བཅོས་མ་འབད་ཚུན་ ལག་ལེན་འཐབ་མི་ཚུགས་ཟེར་བཀོད་ནུག།
དེ་ཡང་ འབྲུག་ཤེས་ཚད་དབང་འཛིན་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་མིང་དེ་ ས་ཐོག་སྐྱེལ་འདྲེན་ལུ་ བསྒྱུར་བཅོས་འབད་ཐོག་ལས་ ཞབས་ཏོག་ལྷན་ཁག་གི་འོག་ལུ་ བསྡབ་ནི་དང་ བསྟན་རྒྱས་ལྷན་ཁག་ལས་ ས་གཏེར་དབང་འཛིན་སོ་སོར་བཏོན་ནི་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལས་སྡེ་ཁག་ཚུ་ནང་ ལས་འབྲེལ་ལག་ལེན་ཡར་དྲག་གི་ བརྟག་ཞིབ་སྙན་ཞུ་གི་ གྲོས་འདེབས་ཚུ་ ལག་ལེན་འཐབ་ཡོད་མེད་ ལྟ་རྟོག་འབད་དོ་ཡོདཔ་བཞིན་དུ་ འབྲུག་ཤེས་ཚད་དབང་འཛིན་དཔྱད་ཡིག་དེ་ ན་ལོན་དང་ཆེ་རིམ་ལས་ཁུངས་དང་ ལཱ་གཡོག་གནས་ཚད་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལུ་ ཟིན་འགོད་འབད་ནི་ཨིན་པས།
ལྷན་ཚོགས་ཀྱིས་ ལམ་འགྲུལ་དང་ ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དེ་ ཞབས་ཏོག་ལྷན་ཁག་འོག་ལུ་ བསྡབ་ནིའི་དོན་ལས་ དབང་འཛིན་གྱི་བཅའ་ཁྲིམས་ འཕྲོ་སྣོན་འབད་ནིའི་སྐོར་ལས་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ལུ་ སྙན་ཞུ་འབད་ཡོདཔ་ད་ བསྟན་རྒྱས་ལྷན་ཁག་གིས་འབད་རུང་ ས་གཏེར་ལག་ལེན་དེ་ ལྷན་ཁག་ལས་ ཕྱིར་བཏོན་འབད་ཐབས་ལུ་ ས་གཏེར་དང་ གཏེར་དངོས་འཛིན་སྐྱོང་བཅའ་ཁྲིམས་༡༩༩༥ ཅན་མ་ཡང་ འཕྲི་སྣོན་འབད་ནི་ འགོ་བཙུགས་ཏེ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ འཆར་གཞི་༡༢ པའི་ནང་ ཚོང་དང་བཟོ་གྲྭ་ལས་གཡོག་ལྷན་ཁག་དང་ ནུས་ཤུགས་དང་ གཏེར་དངོས་ལྷན་ཁག་བཟོ་ནི་ལུ་ ད་ལྟོ་ཡོད་མི་ ལས་གཡོག་ལྷན་ཁག་དང་ བསྟན་རྒྱས་ལྷན་ཁག་༢ བསྒྱུར་བཅོས་འབད་ནི་ཨིན་མི་དེ་གིས་ ད་རེས་ བསྟན་རྒྱས་ལྷན་ཁག་ནང་ སྟབས་མ་བདེཝ་བྱུང་མི་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་མའི་ གྲོས་འདེབས་བཀོད་མི་དེ་ཡང་ གཙོ་བོ་ར་ བསྟན་རྒྱས་ལྷན་ཁག་གི་ ཚོང་དང་བཟོ་གྲྭ་ནང་ གཙོ་རིམ་བཟུང་མ་ཚུགས་པའི་ དམིགས་གཏད་ཚུ་ ཐ་དད་འགྱོ་ནི་དང་ ལས་གཡོག་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གྱི་ དམིགས་ཚད་ཚུ་ ལེགས་ཤོམ་བཟོ་ཐོག་ལས་ ལཱ་གཡོག་གི་ གོ་སྐབས་བཟོ་ཐབས་ལུ་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།