ལས་འཛིན་ལུ་ བསྒྱུར་བཅོས་འབད་མི་དེ་ ཐབས་ལམ་ལེགས་ལྡན་ཨིན་ན?

༉ འདས་པའི་བདུན་ཕྲག་ནང་ གཞུང་གིས་ བརྡ་བརྒྱུདཔ་གི་ གནས་ཚུལ་ཞལ་འཛོམས་ནང་ སྨན་བཅོས་མཁས་མཆོག་ཚུ་ བདག་སྲུང་འབད་ནི་གི་ ཐབས་ལམ་ཅིག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ རང་སྐྱོང་ལས་འཛིན་སྦེ་ བཟོ་ནི་ཨིན་ཟེར་ གསལ་བསྒྲགས་འབད་ཡི།
ལས་འཛིན་ལུ་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལས་ སོ་སོར་བཏོན་ཐོག་ལས་ མཁས་མཆོག་ཚུ་ལུ་ དངུལ་ཕོགས་དང་ ཡང་ཅིན་ འཐུས་དེ་ཚུ་ མཐོ་སུ་སྦེ་ བྱིན་ཐབས་ལུ་ཨིན་ཟེར་ ཁུངས་སྐྱེལ་དོ་ཡོདཔ་ད་ མཁས་མཆོག་ཚུ་ ཁྱད་གཡོག་ནང་ལས་ ཐོན་འགྱོ་མི་དེ་ཡང་ དངུལ་ཕོགས་ལེགས་ཤོམ་མེད་མི་དང་ ཡང་ཅིན་ འཐུས་དམའ་ཤོས་ཡོད་པའི་ བསམ་ཚུལ་རྐྱངམ་གཅིག་ལུ་ གཞི་བཞགཔ་ཨིན་མས།
ང་བཅས་ཀྱིས་ གནད་དོན་དེ་ དངུལ་འབྲེལ་མཐུན་རྐྱེན་རྐྱངམ་གཅིག་ལུ་ བལྟ་ནི་མེན་པར་ རྒྱལ་ཡོངས་ཀྱི་ མཐའ་དོན་ཐུགས་ཁར་བསྣམས་ཞིནམ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་གི་ ཐག་མ་བཏོག་པའི་ཧེ་མ་ འབྲེལ་ཡོད་དབང་འཛིན་གྱིས་ ཚོགས་ཆུང་ཅིག་ གཞི་བཙུགས་ཐོག་ དགོས་མཁོ་ཡོད་མེད་ བརྟག་ཞིབ་མཐིལ་ཕྱིན་འབད་དགོཔ་ཅིག་འདུག་ཟེར་མནོཝ་མས།
ག་འཆར་ཟེར་བ་ཅིན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ འབྲུག་ལུ་ དམིགས་བསལ་ཅན་གྱི་ གསོ་བའི་ཞབས་ཏོག་སྒྲུབ་མི་ ལྟེ་བ་གལ་གནད་ཅན་ཅིག་ཨིནམ་མ་ཚད་ གསོ་བའི་ལྷན་ཁག་གི་ འགན་དབང་བསྒྲུབ་ནིའི་ནང་ ཐད་ཀར་དུ་ འབྲེལ་བ་ཡོད་པའི་ ལས་སྡེ་ཅིག་ཨིནམ་ད་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་བའི་བསྒང་ལས་ རྒྱལ་ཁམས་ཀྱི་ བདག་དབང་ལས་སྡེ་ཅིག་སྦེ་དང་ འབྲུག་གི་ཚོང་སྡེའི་བཅའ་ཁྲིམས་དང་འཁྲིལ་ ལག་ལེན་འཐབ་དགོཔ་ལས་ ལྷན་ཁག་ལུ་ སྟབས་མ་བདེཝ་དང་ མཉམ་འབྲེལ་ཚུ་ནང་ དཀའ་ངལ་འབྱུང་ཉེན་ཡོད་མི་དེ་ཡང་ ཧེ་མ་ ཞི་གཡོག་བཟུམ་སྦེ་མེན་པར་ ཚོང་འབྲེལ་ལུ་ ཤུགས་བཏོན་མི་ ལས་སྡེ་ཅིག་སྦེ་ ལཱ་འབད་དགོ་ནི་དེ་གིས་ཨིན།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༩ པའི་རྩ་དོན་༢༡ པའི་ནང་ རྒྱལ་ཁམས་ཀྱིས་ དེང་རབས་དང་ སྔར་སྲོལ་གསོ་དཔྱད་ཀྱི་ཐོག་ལས་ མི་མང་གསོ་བའི་གཞི་གནས་ཞབས་ཏོག་ཚུ་ སྟོང་པར་ཐོབ་ཚུགསཔ་བཟོ་དགོ་ཟེར་ འཁོད་དེ་ཡོདཔ་ལས་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ལྟེ་བ་གཙོ་ཅན་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་བཟུམ་མའི་ གལ་གནད་ཅན་གྱི་ གཙུག་སྡེ་དེ་ ཚོང་འབྲེལ་ལུ་ ཤུགས་བཏོན་པ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ རྒྱབ་འགལ་འགྱོ་ནི་ཨིན་མས།
ལས་འཛིན་ལུ་ བསྒྱུར་བཅོས་འབད་བའི་བསྒང་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྨན་བཅོས་མཁས་མཆོག་དང་ ཌོག་ཊར་ཚུ་གིས་གཙོས་པའི་ གསོ་བའི་ལས་བྱེདཔ་ཚུ་དང་ རྒྱལ་ཁབ་ནང་ཡོད་པའི་ རྫོང་ཁག་སྨན་ཁང་དང་ གཞི་རྟེན་སྨན་ཁང་ཚུ་ནང་ ལཱ་འབད་མི་ཚུ་གི་བར་ན་ སྟབས་མ་བདེ་བའི་ གནད་དོན་རེ་ འཐོན་ནི་གི་ འོས་འབབ་འདུག། དེ་མིན་ གསོ་བའི་ལས་གཡོགཔ་ག་ར་ གཙོ་བསྟེན་སྨན་ཁང་གི་འོག་ལུ་ བཞག་ནི་ཨིན་ན?
གསོ་བའི་མཁས་མཆོག་ཚུ་ དངུལ་ཕོགས་དང་ འཐུས་ལེགས་ཤོམ་བྱིན་ཐོག་ལས་ བདག་སྲུང་འབད་ནི་གི་ ཐབས་བྱུས་ཨིན་པ་ཅིན་ གཞུང་གིས་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་ཀྱི་ དོན་ཚན་༥༥ པའི་ནང་ ཞི་གཡོག་པའི་ དངུལ་ཕོགས་དང་ འཐུས་ ཁེ་ཕན་ དེ་ལས་ ཐོབ་ལམ་གཞན་ཚུ་གིས་ རྩ་ཁྲིམས་དང་འཁྲིལ་ གཞུང་གི་ཁ་ཐུག་ལས་ གཏན་འབེབས་བཟོ་ནི་གི་ དབང་ཚད་གནང་སྟེ་འདུག།
ད་རེས་ནངས་པར་ཡང་ ཁྱད་རིག་དཀོན་དྲགས་ཡོད་མི་ཚུ་ལུ་ འཐུས་སྤྲོད་སྲོལ་ཡོདཔ་ལས་ གཞུང་གིས ལས་འཛིན་ལུ་ བསྒྱུར་བཅོས་མ་འབད་བའི་ཧེ་མ་ གདམ་ཁ་འདི་ལུ་ འོས་འབབ་བལྟ་ནི་དེ་ གལ་ཆེ་ནི་བཟུམ་མཐོངམ་མས། ག་འཆརཔ་ཟེར་བ་ཅིན་ ཁ་གིས་ སླབ་ད་འཇམ་རུང་ ལག་ལེན་ནང་ལྷོདཔ་ད་ ལཱ་ཁག་ཡོདཔ་ཨིན།
མ་གཞི་ གཞུང་གི་ཧོངས་ལས་ གསོ་བའི་མཁས་མཆོག་ཚུ་ལངམ་མེད་པའི་ དཀའ་ངལ་སེལ་ནི་གི་ ཐབས་ཤེས་བཏོན་གནང་མི་ལུ་ ཡིད་ཆེས་ངལ་རངས་ཡོད་རུང་ ཐབས་བྱུས་འཛོལ་སོང་པ་ཅིན་ གསོ་བའི་སྡེ་ཚན་ནང་ དཀའ་རྙོགས་ཅན་ཅིག་ལུ་ འགྱུར་ཉེན་ཡོད་པའི་ཁར་ མཐའན་མཇུག་ལུ་ མི་མང་གི་ གསོ་བའི་འཕྲོད་བསྟེན་ལུ་ ཐོ་སྦོམ་སྦེ་ ཕོག་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *