ལས་འགུལ་ཆེ་བ་ཚུ་ ཡུན་འགྱངས་ལུས་པའི་ ཚ་གྱང་།

༉ ཤུལ་མའི་ཟླཝ་ནང་ འགོ་བཙུགས་ནི་ཨིན་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཞག་དུས་དེ་ སྤྱི་ཟླ་༡༢ པ་ཚུན་ ཕར་འཕུལ་རྐྱབ་མི་དེ་ལུ་ འབྲུག་མི་ཚུ་ རྣམ་རྟོག་ལང་དགོཔ་མ་འབྱུང་མི་དེ་ཡང་ རྒྱལ་ཁབ་ནང་ བཟོ་སྐྲུན་འབད་མི་ གློག་མེ་ལས་འགུལ་ཚུ་ མང་ཤོས་ཅིག་ལུ་ར་ འདི་བཟུམ་མའི་ སྟབས་བདེ་མིན་གྱི་གནས་སྟངས་ བྱུང་ནི་དེ་གིས་ཨིན་མས།
ང་བཅས་ཆ་ཁྱབ་ ནམ་ར་འབད་རུང་ ལཱ་ཚུ་ དུས་ཚོད་ཁར་བསྒྲུབ་མ་ཚུགས་པའི་ ལང་ཤོར་ཐལ་སོཔ་མ་ཚད་ གནད་དོན་ག་ཅི་ལུ་བརྟེན་ འཐུས་ཤོར་བྱུང་ཡོདཔ་ཨིན་ནའི་ ཉེས་ཁ་ཡང་ གཞན་ལུ་བཀལ་སྲོལ་མེདཔ་ཨིན་རུང་ འདི་བཟུམ་མའི་ ཡུན་འགྱངས་ལུས་པའི་སྐབས་ ཟད་འགྲོ་ཐེབས་གནས་པའི་ དྲི་ཞིབ་འབད་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་མས།
ལས་འགུལ་ཆེ་བ་ཚུ་ ཡུན་འགྱངས་ལུས་དགོ་པའི་ གནད་དོན་ཐོག་ གྲོས་བསྟུན་འབད་མི་དང་ དཀའ་ངལ་སེལ་ཐབས་ཀྱི་ ཐབས་ལམ་བཏོན་མི་ཚུ་ མི་མང་ལུ་ གསལ་སྟོན་འབད་ནི་དེ་ དཀོན་དྲགས་ཅིག་ཨིན་མས།
དབང་འཛིན་ཚུ་གིས་ འདི་བཟུམ་མའི་ གོང་འཕེལ་གྱི་ལས་སྣ་ཚུ་ནང་ དྲི་བཀོད་འབད་སྲོལ་མེད་མི་དེ་ ཚ་གྱང་ལང་བའི་ གཞི་གནད་ཅིག་ཨིན་མས།
ལས་འགུལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ ཕྱིས་དགོ་མི་དེ་ཡང་ འདས་པའི་ཟླཝ་ཕྱེད་དང་༢ ཀྱི་རིང་ རྩི་ས་བཀྲམ་སྤེལ་མ་ལང་པའི་དཀའ་ངལ་ཐོན་ནི་དེ་གིས་ཨིནམ་ད་ འདས་པའི་ཟླཝ་ནང་འབད་བ་ཅིན་ རྩི་སའི་དགོས་མཁོ་བཀོད་མི་ལས་ བརྒྱ་ཆ་༣༠ རྐྱངམ་གཅིག་ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་མས།
ཨིན་རུང་ རྩི་ས་བཀྲམ་སྤེལ་འབད་མི་ གདུང་སམ་རྩི་ས་གིས་འབད་བ་ཅིན་ འདས་པའི་ཟླཝ་ནང་ ཇེ་པི་གི་ཐད་ཁར་ མཁོ་འདོད་བརྒྱ་ཆ་༩༦ གྲུབ་ཡོདཔ་མ་ཚད་ གེ་མཱོན་གྱི་མཁོ་འདོད་ བརྒྱ་ཆ་༩༥ གྲུབ་ཅི་ཟེར་ཨིན་པས།
ལས་འགུལ་དབང་འཛིན་དང་ གདུང་སམ་རྩི་ས་གིས་བཞག་མི་ ཐོ་བཀོད་ནང་ འདི་བཟུམ་མའི་ ཁྱད་པར་ཐོནམ་ད་ དྲི་ཞིབ་འབད་དགོཔ་མ་ཚད་ ཞིབ་དཔྱད་ངོ་ཚབ་ཚུ་ཡང་ དྲན་ཚོར་འབད་དགོཔ་འདུག།
གནད་དོན་འདི་གི་ཐོག་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་ གྲོས་བསྟུན་འབད་བའི་སྐབས་ མོས་མཐུན་བྱུང་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ དེ་ཡང་ ལས་འགུལ་གྱིས་ རྩི་སའི་མཁོ་འདོད་དང་ མཛོད་ཁང་ནང་ རྩི་ས་རྒྱུན་འཛིན་འཐབ་ནིའི་དོན་ལུ་ སྔོན་མངགས་འབད་དགོ་པའི་ཁར་ དུས་ཐོག་ལུ་ ཏི་རུ་སྤྲོད་དགོཔ་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གདུང་སམ་རྩི་ས་གིས་ འཆར་གཞི་དང་འཁྲིལ་ རྩི་ས་ཐོན་སྐྱེད་དང་ བཀྲམ་སྤེལ་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ཨིན་མས།
དེ་འབདཝ་ད་ འདི་བཟུམ་མའི་ ཐབས་ལམ་བཏོན་མི་ཚུ་ ལག་ལེན་མ་འཐབ་པའི་ ཤེས་རྟོགས་བྱུངམ་ཨིན་མས།
མི་སྡེ་དང་ དཔལ་འབྱོར་ལུ་ ཕན་གནོད་ཆེ་བའི་ གློག་མེ་ལས་འགུལ་དང་འབྲེལ་བའི་ དཀའ་ངལ་ཚུ་ གང་མགྱོགས་སེལ་ཐབས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་མི་དེ་ཡང་ ཆུ་ལུ་བརྟེན་པའི་གློག་མེ་ལས་འགུལ་དེ་ འབྲུག་གི་དཔལ་འབྱོར་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིནམ་མ་ཚད་ རྒྱ་འབྲུག་མཐུན་ལམ་གྱི་ བརྡ་མཚོན་ཅིག་ཡང་ཨིནམ་ད་ གློག་མེ་ལས་འགུལ་ཚུ་ནང་ ང་བཅས་ར་ གཅིག་གིས་གཅིག་ལུ་བརྟེན་དགོཔ་ལས་ ཕན་ཚུན་གཉིས་ཆ་རའི་ཁ་ཐུག་ལས་ ཡུན་འགྱངས་ལུས་མི་དེ་ལུ་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་ཨིན།
དེ་འབདཝ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལྷག་ལུས་བཟོ་སྐྲུན་ལཱ་ཚུ་ ཞག་དུས་ནང་འཁོད་ལུ་ མཇུག་བསྡུ་ཚུགསཔ་འབད་ནིའི་དོན་ལུ་ ད་ལྟོ་ འཛིན་སྐྱོང་ནང་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ ངེས་པར་དུ་ ངོས་འཛིན་འབད་ཞིནམ་ལས་ འཚེར་སྣང་མེད་པར་ སེལ་ཐབས་འབད་དགོཔ་ཨིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *