༉ བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ བཀྲིས་སྒང་བཀང་ལུང་ལུ་ འབྲུག་གི་དངུལ་ཁང་གི་ ལས་ཚབ་དངུལ་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ བསོད་ནམས་བསྟན་འཛིན་གྱིས་ འགོ་འདྲེན་འཐབ་མི་ དངུལ་ཁང་དེ་གིས་ ཏི་རུ་བཏོན་བཙུགས་དང་འབྲེལ་བའི་ ལས་དོན་ཁག་༨༡༧ འགོ་འདྲེན་འཐབ་ནུག།
མ་གཞི་ རྒེད་འོག་དེ་ནང་ དངུལ་བཏོན་འཕྲུལ་ཆས་༢ ཡོདཔ་ཨིན་རུང་ འཕྲལ་འཕྲལ་སྦེ་ར་ མེདཔ་ཤོར་དོ་ཡོདཔ་ལས་ ལས་ཚབ་དངུལ་ཁང་དེ་ ལྷན་ཐབས་ཀྱི་ གདམ་ཁ་ཅིག་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ དམ་ཆོས་དབང་འདུས་ཀྱིས་ སླབ་མིའི་ནང་ དངུལ་བཏོན་འཕྲུལ་ཆས་ཚུ་ འཕྲལ་འཕྲལ་སྦེ་ར་ མེདཔ་ཤོར་དོ་ཡོདཔ་ལས་ ལས་ཚབ་དངུལ་ཁང་དེ་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
ད་རེས་ དེ་བཟུམ་མའི་ ཞབས་ཏོག་འགོ་བཙུགས་མི་དང་འཁྲིལ་ ཏི་རུ་ཚུ་ དུས་ནམ་ར་དགོ་རུང་ བཏོན་ཚུགས་པས་ཟེར་ཨིན་པས།
མ་གཞི་ ལས་ཚབ་དངུལ་ཁང་དེ་གི་ ཚོང་མགྲོན་པ་གཙོ་བོ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ཨིན་རུང་ ཞི་གཡོགཔ་དང་ ས་གནས་ཐག་རིང་སའི་གཡུས་ཚན་ ཨུ་མཛོ་རོང་དང་ ཇོམ་གཙང་གི་ མི་སེར་ཚུ་གིས་ཡང་ ཞབས་ཏོག་སྤྱོད་དེ་ཡོད་ཟེར་ བསོད་ནམས་བསྟན་འཛིན་གྱིས་ སླབ་ཨིན་པས།
དངུལ་ཁང་དེ་ གཞི་བཙུགས་འབད་དེ་ ཉིན་གྲངས་༡༠ གྱི་རིང་ སྐྱེས་ལོ་༤༣ འབད་མི་ ས་གནས་ཀྱི་ཚོང་པ་ ཕོ་སྐྱེས་དེ་གིས་ གཡུས་མི་༡༣༠ ལུ་ ཏི་རུ་བཙུགས་ནིའི་ཞབས་ཏོག་ སྤྲོད་ཡོདཔ་མ་ཚད་ མི་གྲངས་༣༤ གིས་ ཏི་རུ་བཏོན་ནིའི་ ཞབས་ཏོག་ཡང་ ལེན་ཡོདཔ་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཏི་རུ་བཙུགས་ནིའི་དོན་ལུ་ བཀྲིས་སྒང་ཚུན་ འགྱོ་དགོཔ་ལས་ ཞབས་ཏོག་དེ་ དམིགས་བསལ་དུ་ ཏི་རུ་བཙུགས་ནིའི་དོན་ལུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
དེ་མེན་པ་ཅིན་ དངུལ་བཏོན་འཕྲུལ་ཆས་ཚུ་ མེདཔ་ཤོར་བའི་སྐབས་མ་གཏོགས་ མི་སེར་ཚུ་གིས་ དངུལ་ཁང་གི་ ཞབས་ཏོག་ལེན་པར་ མི་འོང་པས་ཟེར་ཨིན་པས།
དངུལ་ཁང་དེ་ལུ་བརྟེན་ བསོད་ནམས་བསྟན་འཛིན་ཁོ་རའི་ ཚོང་འབྲེལ་ལུ་ཡང་ ཕན་ཐོགས་བྱུང་ཡོདཔ་ད་ དེ་ཡང་ ཏི་རུ་བཏོན་པའི་སྐབས་ ཚོང་མགྲོན་པ་ཚུ་གིས་ ཁོང་གི་ཚོང་ཁང་ནང་ལས་ ཚོང་ཉོ་མི་ལུ་བརྟེན་ཏེ་ཨིན་པས།
དངུལ་ཁང་དེ་གིས་ དངུལ་བཙུགས་བཏོན་རྐྱངམ་གཅིག་མེན་པར་ ཟླ་རིམ་གྱི་ཁྲལ་དང་ སྐྱིན་འགྲུལ་བཏབ་ནི་ དེ་ལས་ འགྲུལ་འཕྲིན་གྱི་ རྩིས་ཁྲ་བསྐྱར་གསོའི་ཞབས་ཏོག་ཚུ་ཡང་ བྱིནམ་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཞབས་ཏོག་དེ་ལུ་ ཚོང་མགྲོན་པ་ཚུ་ལས་ བསམ་ལན་ལེགས་ཤོམ་བྱུང་ཡོདཔ་ཨིན་རུང་ ཉིནམ་རེ་ལུ་ དངུལ་བསྡོམས་༡༠༠,༠༠༠ རེ་མ་གཏོགས་ ལག་ལེན་འཐབ་མ་ཆོག་པའི་ ཚད་གཞི་དེ་ལུ་བརྟེན་ དཀའ་ངལ་དུམ་གྲ་རེ་ བྱུངམ་མས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་ཚབ་དངུལ་ཁང་ཚུ་གིས་ ཉིན་བསྟར་ལག་ལེན་འཐབ་ཆོག་པའི་ ཏི་རུའི་ཚད་གཞི་དེ་ བསྒྱུར་བཅོས་འབད་ནི་ལུ་ ལཱ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
དངུལ་ཁང་གིས་ ལས་ཚབ་དངུལ་ཁང་འགོ་འདྲེན་འཐབ་མི་ཚུ་ལུ་ བར་འབྲེལ་ཁེ་སང་ཚུ་ དངུལ་སྤྲོད་ལེན་གྱི་ གྱངས་ཁ་དང་འཁྲིལ་ སྤྲོད་དོ་ཡོདཔ་ད་ ཟླཝ་རེ་ལུ་ དངུལ་བཙུགས་བཏོན་ཚར་༢༠-༡༠༠ རེ་ འབད་མི་ཚུ་ལུ་ བར་འབྲེལ་ཁེ་སང་ དངུལ་ཀྲམ་༢,༠༠༠ རེ་ ཐོབ་ཨིན་པས།
ག་དེམ་ཅིག་སྦེ་ དངུལ་བཏོན་བཙུགས་ཀྱི་གྱངས་ཁ་༡༠༡ ལས་༢༠༠ འི་བར་ན་ འབད་བ་ཅིན་ ཟླ་རིམ་བཞིན་དུ་ བར་འབྲེལ་ཁེ་སང་ དངུལ་ཀྲམ་༣,༠༠༠ རེ་ སྤྲོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གིས་ དངུལ་ཁང་ སྦྲེལ་མཐུད་ལས་རིམ་དེ་ དུས་ཅི་ སྤྱི་ཟླ་༢ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ ལས་ཚབ་དངུལ་ཁང་༡༠༩ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།