ལས་བྱེདཔ་བགྲེསཔ་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

ཨོ་རྒྱན་ཚོང་འབྲེལ་ལས་ཁང་གི་ ལས་བྱེདཔ་བགྲེསཔ་ བཀྲིས་ཆོས་སྐྱིད་རྡོ་རྗེ་གིས་ ཚོང་འབྲེལ་ལས་ཁང་གི་ མ་དངུལ་ལྐོག་ཟ་འབད་མི་ལུ་བརྟེན་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ བཙོན་ཁྲིམས་ལོ་༣ བཀལ་ནུག།

འཁྲུན་ཆོད་དང་འཁྲིལཝ་ད་ ལས་བྱེདཔ་དེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༦༨ པའི་རྩ་ཚན་༢ པ་དང་ འབྲུག་གི་ཉེས་འགེལ་ཁྲིམས་སྡེབ་དོན་ཚན་༡༨(ག) པའི་དགོངས་དོན་ལྟར་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་ བཀྲིས་ཆོས་སྐྱིད་རྡོ་རྗེ་ལུ་ ཉེས་འཛུགས་ཁག་༢ བཀལ་མི་དེ་ཡང་ ཧེ་མ་ཁོ་ར་ ཚོང་འབྲེལ་ལས་ཁང་གི་ ལས་བྱེདཔ་སྦེ་སྡོད་པའི་སྐབས་ ཚོང་འབྲེལ་ལས་ཁང་གིས་ ལས་འཛིན་གཞན་ཚུ་ལས་ དངུལ་ཀྲམ་༩༠༣,༧༠༠ དེ་ཅིག་ འཐོབ་ནི་ཡོད་མི་དེ་ ཁོ་གིས་ བསྡུ་ལེན་འབད་ཞིནམ་ལས་ ལོག་སྤྱོད་འབད་ཡོདཔ་མ་ཚད་ ཚོང་འབྲེལ་ལས་ཁང་གི་དོན་ལུ་ ཨེ་མི་རི་ཀ་ལུ་ཡོད་པའི་ མེ་དྲེ་བཟོ་གྲྭ་ཁང་ལས་ ཅ་ཆས་མཁོ་མངགས་འབད་བའི་སྐབས་ བཟོ་གྲྭ་ཁང་དང་ ཉེས་འཛུགས་ཅན་༢ ཀྱིས་ བསྟུན་གྲོས་འབད་ཐོག་ལས་ མ་དངུལ་ལྐོག་ཟ་འབད་ཡོད་པའི་ ཉེས་འཛུགས་བཀལ་ནུག།

དེ་ཡང་ ཉེས་འཛུགས་ཅན་ བཀྲིས་ཆོས་སྐྱིད་རྡོ་རྗེ་གིས་ མེ་དྲེ་བཟོ་གྲྭ་ཁང་ལས་ ཅ་ཆས་མཁོ་མངགས་འབད་བའི་སྐབས་ མ་གཞི་ ཅ་ཆས་དེ་གི་ རིན་གོང་དེ་ ཡུ་ཨེསི་ཌོ་ལར་༡༨༣༨.༩༧ ཨིན་རུང་ ཉེས་འཛུགས་ཅན་གྱིས་ བཟོ་གྲྭ་ཁང་ལུ་ བཟོ་གྲྭ་ཁང་གིས་ ཚོང་འབྲེལ་ལས་ཁང་ལུ་ ཅ་ཆས་ཉོ་བའི་རིན་གོང་གི་ ཤོག་འཛིན་བཏང་པའི་སྐབས་ རིན་གོང་ངོ་མ་མེན་པར་ ཡུ་ཨེསི་ཌོ་ལར་༢༩༧༦.༩༧ ལུ་ ཡར་སེང་འབད་ཐོག་ལས་ བཟོ་གྲྭ་ཁང་དང་གཅིག་ཁར་ གསང་བའི་ཐོག་ ལོ་རྒྱུས་སླབ་སྟེ་ གཡོ་སྒྱུ་དང་ མགུ་སྐོར་ཐོག་ལས་ ཨོ་རྒྱན་ཚོང་འབྲེལ་ཁང་གི་ གདོང་ཁར་ཅ་ཆས་ཚུ་ བཟོ་གྲྭ་ཁང་ལས་ ཡུ་ཨེསི་ཌོ་ལར་༢༩༧༦.༤༧ སྦེ་ ཉོ་ཡོདཔ་སྦེ་བཟོ་ནུག།

དེ་ལས་ ཡར་སེང་འབད་མི་དང་ རིན་གོང་ངོ་མ་༢ ཀྱི་ཁྱད་པར་ ཡུ་ཨེསི་ཌོ་ལར་༡,༡༣༢.༥༠ ཉེས་འཛུགས་ཅན་གྱི་ མིང་ཐོག་ཁར་ཡོད་པའི་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ བཙུགས་མི་ལུ་བརྟེན་ དོག་གཏད་ལྐོག་ཟ་གི་ གནོད་འགེལ་ཉེས་ལས་ ཐབས་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་གྱི་ རྒྱབ་མི་གིས་ ཁྲིམས་འདུན་ནང་ ཞུ་མི་དང་འཁྲིལཝ་ད་ ཏི་རུ་ཚུ་ ཉེས་འཛུགས་ཅན་གྱི་ དངུལ་ཁང་གི་ རྩིས་ཁྲ་ནང་ འཛུལ་དགོ་མི་གཙོ་བོ་ར་ ཅ་ཆས་ཚུ་ མཁོ་མངགས་འབད་བའི་སྐབས་ ཉེས་འཛུགས་ཅན་གྱི་ གློག་འཕྲིན་དང་ ཉེས་འཛུགས་ཅན་གྱི་ མིང་ཐོག་ཁར་ཡོད་པའི་ འཛིན་ཤོག་ལག་ལེན་འཐབ་མི་ལུ་བརྟེན་ཨིན་པས།

དེ་ལས་ བཟོ་གྲྭ་ཁང་ལས་ ཅ་ཆས་ཚུ་ མཁོ་མངགས་འབད་སྲོལ་དང་ བཟོ་གྲྭ་ཁང་གི་ ཅ་ཆས་ཀྱི་རིན་གོང་དང་ ཅ་ཆས་ཚུ་ འབྲུག་ལུ་བཙོང་པའི་རིན་གོང་༢ ཀྱི་བར་ན་ ཁྱད་པར་སྦོམ་ཐོན་མི་ལུ་བརྟེན་ གོང་འཁོད་ཡུ་ཨེསི་ཌོ་ལར་༡,༡༣༢.༥༠ དེ་ བཟོ་གྲྭ་ཁང་གིས་ ཉེས་འཛུགས་ཅན་གྱི་རྩིས་ཁྲ་ནང་ བཙུགས་ཡོད་རུང་ བཟོ་གྲྭ་ཁང་ལས་ ཉེས་འཛུགས་ཅན་ཁོ་རའི་ རྩིས་ཁྲ་ནང་ ཌོ་ལར་༡,༡༣༢.༥༠ འཛུལཝ་ཅིག་ དེ་འཕྲོ་ལས་ ཉམས་རྒུདཔ་ཨོ་རྒྱན་ཚོང་འབྲེལ་གྱི་ཇོ་བདག་ ཨོ་རྒྱན་ནོར་བུ་འཇམ་དབྱངས་ལུ་ གནད་དོན་དེའི་སྐོར་ལས་ དྲན་གསལ་འབད་ཡི་ཟེར་ ཞུ་ཡོདཔ་ཨིན་པས།

ཨིན་རུང་ གནད་དོན་ཐོག་ལུ་ དབྱེ་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་དེ་གིས་ གདོན་ཁུངས་དང་ སྒྲུབ་བྱེད་སྟོན་ནི་མེདཔ་ལས་ མ་དངུལ་ཚུ་ བསམ་སྦྱོར་གྱི་སྒོ་ལས་ ལྐོག་ཟ་འབད་ནུག།

དེ་བཟུམ་སྦེ་ ཨོ་རྒྱན་ཚོང་འབྲེལ་ཁང་གིས་ འབྲུག་བསྟན་སྲུང་དམག་སྡེ་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ དེ་ལས་ བཀྲིས་སྒང་རྫོང་ཁག་ལས་ དངུལ་ཀྲམ་བསྡོམས་༩༠༣,༧༠༠ ལེན་ནི་ཡོད་མི་དེ་ ཉེས་འཛུགས་ཅན་གྱིས་ བསྡུ་ལེན་འབད་དེ་ ཚོང་འབྲེལ་ལས་ཁང་ལུ་ མ་སྤྲོད་པར་ ལོག་སྤྱོད་འབད་པའི་ ཉེས་འཛུགས་བཀལ་ནུག།

གནད་དོན་ཐོག་ལུ་ ཉེས་འཛུགས་ཅན་གྱི་ རྒྱབ་མི་གིས་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་སྐོར་ལས་ རྒྱུ་མཚན་ཅན་གྱི་ ངོ་རྟགས་དང་ ཡང་ཅིན་ སྐབས་དོན་ནམ་དངོས་སུ་མིན་པའི་ ཁུངས་ཡིག་དང་ འཕྲུལ་རིག་འཛིན་ཐོ་ཡིག་ཆ་ དེ་ལས་ དངོས་པོའི་སྒྲུབ་བྱེད་ལ་སོགས་པ་ཚུ་ གསལ་སྟོན་འབད་མ་ཚུགས་པས།

འཁྲུན་ཆོད་དེ་ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ གནང་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *