ལས་བྱེདཔ་ཅིག་ལུ་ ཚོང་མགྲོན་པའི་ གསོག་འཇོག་མ་དངུལ་ ལོག་སྤྱོད་ཀྱི་ཁ་ཉེས།

༉ འདས་པའི་བདུན་ཕྲག་ནང་ བཀྲིས་སྒང་ཁྲིམས་སྲུང་འགག་པ་གིས་ འབྲུག་དངུལ་ཁང་གི་ དངུལ་ཁང་ལས་རོགསཔ་ཅིག་གིས་ ཡིག་ཆ་རྫུས་བཟོ་འབད་མིའི་ནང་ འབྲེལ་གཏོགས་ཡོད་པའི་ ཉེས་འཛུགས་ཀྱི་ གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བསྐྱལ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༠ ལུ་ བཀྲིས་སྒང་ འབྲུག་དངུལ་ཁང་ཡན་ལག་ཡིག་ཚང་གིས་ སྐྱེས་ལོ་༢༤ ལང་མི་ དངུལ་ཁང་ལས་རོགསཔ་གིས་ ཡིག་ཆ་རྫུས་བཟོ་དང་ ཚོང་མགྲོན་པའི་ གསོག་འཇོག་མ་དངུལ་ དངུལ་ཀྲམ་༡,༥༧༥,༠༠༠ ཚུལ་མིན་གཡོ་སྤྱོད་འབད་མིའི་ནང་ འབྲེལ་གཏོགས་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ དོགས་པ་ཅན་དེ་ དེ་ཚེ་ནུབ་མོ་ར་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ དོ་དམ་འོག་ལུ་ བདུན་ཕྲག་༣ དེ་ཅིག་ བཞག་ཅི་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ བར་མི་བཙུགས་ཏེ་ དོ་དམ་འོག་ལས་ བཏང་ཡོདཔ་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ རྩིས་ཞིབ་འབད་བའི་སྐབས་ དོགས་པ་ཅན་དེ་གིས་ སྤྱི་ལོ་༢༠༡༥ ལས་ར་ ཏི་རུ་གཡོ་སྤྱོད་འབད་ཡོདཔ་སྦེ་ ཤེས་རྟོགས་བྱུང་བའི་ཤུལ་ལས་ བདའ་ཟུན་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་ནང་ དོགས་ཅན་གྱིས་ ཏི་རུ་གཡོ་སྤྱོད་འབད་མི་ག་ར་ འགོ་དཔོན་ཚུ་གི་ འབྲེལ་གཏོགས་མ་དགོ་པར་ ཁོ་གིས་ དབང་ཚད་ཐོག་ལས་ འབད་ཡོདཔ་ད་ ཏི་རུ་བཏོན་པའི་སྐབས་ལུ་ཡང་ ཚོང་མགྲོན་པ་ཚུ་གི་ ས་ཡིག་རྫུས་མ་རྐྱབ་སྟེ་ བཏོན་ནུག་ཟེར་ཨིན་པས།
དོགས་པ་ཅན་གྱིས་ ཏི་རུ་བཏོན་པའི་སྐབས་ ཚོང་མགྲོན་པ་ཚུ་གིས་ ཤེས་རྟོགས་མེད་མི་དེ་ཡང་ ཁོང་ག་ར་ འབྲི་ལྷག་མ་ཤེས་པའི་ཁར་ དངུལ་ཁང་གི་ ཨེསི་ཨེམ་ཨེསི་གི་ ཞབས་ཏོག་ཐོ་བཀོད་འབད་དེ་ མེད་མི་ལུ་བརྟེན་ཨིན་པས།
དངུལ་ཁང་གི་ མི་མང་མཐུན་འབྲེལ་དང་ བརྡ་བརྒྱུད་གོངམ་ པ་སངས་ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ ཏི་རུ་གཡོ་སྤྱོད་འབད་མི་དེ་ ཧེ་མའི་ འཛིན་སྐྱོང་པ་དེ་གིས་ བྱ་སྒོའི་ལམ་ལུགས་དང་མ་འཁྲིལ་བའི་ཁར་ དངུལ་ཁང་གི་ ལམ་ལུགས་བཀག་འཛིན་ མ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མའི་ ལས་བྱེདཔ་དེ་གིས་ ལག་རྗེས་རྫུས་མ་རྐྱབ་སྟེ་ འབྲི་ལྷག་མ་ཤེས་མི་ཚུ་གི་ རྩིས་ཁྲ་༢༣ ལས་ དངུལ་ཀྲམ་ས་ཡ་༡.༤ ཚུལ་མིན་ལོག་སྤྱོད་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་རྟོག་འགོ་དཔོན་གྱིས་ འཛོལ་བ་ཡོདཔ་ ཤེས་རྟོགས་བྱུང་ཡོདཔ་ལས་ ཏི་རུ་ཚུ་ ལོག་ཐོབ་ཡོདཔ་ད་ དངུལ་ཁང་གིས་ གཡོ་སྒྱུ་འབད་མི་ལུ་ བཟོད་བསྲན་མེད་པའི་ སྲིད་བྱུས་དང་འཁྲིལ་ ལས་བྱེདཔ་དེ་ དེ་འཕྲོ་ལས་ དགོངས་ཕོག་བཏང་ཡི་ཟེར་ཨིན་པས།
ཏི་རུ་ཚུ་ ཁོ་ལས་ ལོག་ཐོབ་ཡོད་རུང་ ཁྲིམས་མཐུན་དང་ལེན་གྱི་དོན་ལུ་ གནད་དོན་དེ་ ཁྲིམས་སྲུང་འགག་པ་ལུ་ བཏང་ཡི་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་ལུ་ ཏི་རུ་ལོག་ཐོབ་ཡོདཔ་བཞིན་དུ་ དངུལ་ཁང་ལུ་ རྒུད་མེད་ཟེར་ པ་སངས་ནོར་བུ་གིས་ བཤདཔ་ཨིན་པས།
པ་སངས་ནོར་བུ་གིས་ སླབ་མིའི་ནང་ དེ་ལས་ཕར་ དེ་བཟུམ་མའི་ གཡོ་སྒྱུའི་གནད་དོན་ཚུ་ འབྱུང་མི་བཅུག་ནིའི་དོན་ལུ་ བཀག་འཛིན་འབད་ནི་ ལོག་འགོ་བཙུགས་ཅི་ཟེར་ཨིནམ་ད་ འབྲི་ལྷག་མ་ཤེས་མི་ ཚོང་མགྲོན་པ་ཚུ་གི་ རྩིས་ཁྲ་དམ་སྒྲིང་བཟོ་སྟེ་ ཉེན་སྲུང་འབད་ཐབས་ལུ་ དངུལ་ཁང་གིས་ བ་ཡོ་མེ་ཊིག་གི་ བདེན་དཔྱད་འབད་ནིའི་ འོས་འབབ་ཚུ་ ལྟ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མའི་ འཛིན་སྐྱོང་པ་གིས་ གཡོ་སྒྱུའི་གནད་དོན་དེ་ བདའ་མ་ཟུན་པའི་ ཧེ་མ་ལས་ དགོངས་ཞུ་འབད་ཡོདཔ་ལས་ ཁོ་ལུ་ ཉེས་ཁྲིམས་ག་ནི་ཡང་ བཀལ་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དངུལ་སྐྱེད་མ་རྩིས་པར་ རྫུས་བཟོའི་ཐོག་ལས་ ལོག་སྤྱོད་འབད་མི་ མ་དངུལ་དེ་ ལོག་ཐོབ་ཅི་ཟེར་ཨིནམ་ད་ ཞིབ་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བསྐྱལ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *