ལས་བྱེདཔ་༦༧ གྱིས་ ལས་གཡོག་ལྷན་ཁག་ལུ་ རྒྱབ་སྐྱོར་གྱི་ཞུ་བ།

སྤྱི་ཟླ་༥ པའི་ཚེས་༣ ལུ་ ཐིམ་ཕུག་གསར་སྦིས་ཐང་ བརྡ་དོན་འཕྲུལ་རིག་གླིང་ག་ལྟེ་བའི་ནང་ ཨིསི་ཀེན་ཀེ་ཕི་ཟེར་མི་ སྒེར་སྡེ་གིས་ ལས་བྱེདཔ་༦༧ དེ་ཅིག་ བརྡ་སྐུལ་ག་ནི་ཡང་མེད་པར་ དགོངས་ཞུ་བཏང་མི་ལུ་བརྟེན་ ལས་བྱེདཔ་ཚུ་གིས་ ལས་གཡོག་ལྷན་ཁག་ལུ་ གནད་དོན་ཁག་༤ གི་ཐོག་ལས་ ཞུ་གཏུགས་འབད་ནུག།

ལས་བྱེདཔ་ཚུ་གིས་ ཞུ་ཡིག་ནང་ ཁོང་ཆ་ཁྱབ་ དུས་རྒྱུན་ལཱ་གཡོག་ནང་ལས་ དགོངས་ཞུ་མ་བཏང་པའི་ ཟླ་ངོ་༢ ཀྱི་ སྔ་གོང་ལས་ བརྡ་བསྐུལ་ཡི་གུ་བྱིན་ཏེ་ དགོངས་ཞུ་གཏང་དགོ་ཟེར་ཨིནམ་ད་ ལཱ་གཡོག་ནང་ འཛུལ་ཞུགས་འབད་བའི་སྐབས་ གན་ཡིག་ནང་ ལས་སྡེ་གིས་ དགོངས་ཞུ་གཏང་དགོ་པ་ཅིན་ ཟླ་ངོ་༢ ཀྱི་ཧེ་མ་ དྲན་བསྐུལ་འབད་དགོཔ་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།

ལས་སྡེའི་འགོ་ཁྲིདཔ་ཚུ་གིས་ ལས་བྱེདཔ་ཚུ་ ཡིག་ཚང་ནང་ འབོ་ཞིནམ་ལས་ ལས་སྡེའི་ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་མི་བཏུབ་པས་ཟེར་ དགོངས་ཞུ་གཏང་ནིའི་ ཡི་གུ་ནང་ ལག་བྲིས་མི་རྐྱབ་ཟེར་རུང་ རྐྱབ་བཅུག་སྟེ་ ལཱ་གཡོག་ནང་ལས་ བཏོན་བཏང་མི་དེ་ ལས་སྡེའི་ཁ་ཐུག་ལས་ ཁུངས་སྐྱེལ་དགོ་ཟེར་ ཉོགས་བཤད་ཡི་གུ་ནང་བཀོད་ནུག།

ལས་བྱེདཔ་ཚུ་གིས་ ལས་གཡོག་མདོ་ཆེན་ལུ་བཙུགས་མི་ ཡི་གུ་ནང་ ལས་སྡེ་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་པར་ ལས་བྱེདཔ་༦༧ རྐྱངམ་གཅིག་ དགོངས་ཞུ་འབད་བཅུག་སྟེ་ ལས་བྱེདཔ་ལ་ལོ་ཅིག་ བཞག་མི་དེ་ ཕྱོགས་ལྷུང་གི་ རྣམ་གཞག་འབད་བ་ལུ་བརྟེན་ ཁེ་རྒུད་མ་བཏུབ་ཟེར་ བཀོད་པའི་ཁར་ ཚོང་འབྲེལ་ལེགས་ཤོམ་ མ་འགྱོ་བ་ཅིན་ ལས་སྡེ་ནང་ ལས་བྱེདཔ་ཅིག་ཡང་ མ་བཞག་པར་ འདྲ་མཉམ་གྱི་ཐོག་ལས་ བཏོན་གཏང་དགོཔ་ལས་ གནད་དོན་དེ་ལུ་ ལྷན་ཁག་གིས་ བརྟག་ཞིབ་མཐིལ་ཕྱིན་སྦེ་ འབད་དགོཔ་འདུག་ཟེར་བཀོད་ནུག།

ཁོང་ཆ་ཁྱབ་ ལས་སྡེ་གཞི་བཙུགས་འབད་བའི་ ནམ་དུས་ལས་ར་ ལཱ་འབད་སྡོད་ཡོདཔ་བཞིན་དུ་ ལཱ་གཡོག་ནང་ འཛུལ་ཞུགས་འབད་དེ་ ལོ་༥ དང་༦ ལང་མི་ཚུ་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཡོདཔ་ལས་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་དགོཔ་ ཐོན་པའི་སྐབས་ སྐྱིན་ཚབ་ཡང་ བཏབ་མ་ཚུགས་པའི་ཁར་ བཟའ་ཚང་སྐྱོང་མི་ཚུ་ཡོདཔ་ལས་ སྡུག་བསྔལ་སྦོམ་སྦེ་ར་ཕོག་སྟེ་ཡོད་ཟེར་བཀོད་ནུག།

ཁ་ཙ་ ལས་བྱེདཔ་ཚུ་གིས་ ལས་གཡོག་ལྷན་ཁག་ལུ་ ཡི་གུ་བཙུགས་མི་དང་འཁྲིལཝ་ད་ ལས་སྡེ་གིས་ ལས་བྱེདཔ་ལ་ལོ་ཅིག་ དགོངས་ཞུ་བཏང་རུང་ སྡེ་ཚན་སོ་སོའི་ནང་ལས་ ལས་བྱེདཔ་དགོངས་ཞུ་མ་བཏང་པར་ བཞག་ཡོད་མི་དེ་ ལས་སྡེ་གི་ཁ་ཐུག་ལས་ འཐུས་ཤོར་དང་ ཕྱོགས་ལྷུང་གི་ ངན་ལས་འབད་བའི་ བརྡ་མཚོན་ཨིནམ་ལས་ ལྷན་ཁག་གིས་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དགོཔ་འདུག་ཟེར་ཨིན་པས།

ར་མིན་དྲ་ ན་ར་ཡཱན་གྱིས་ སླབ་མིའི་ནང་ ལས་སྡེ་ནང་ འདྲ་པར་དང་འབྲེལ་བའི་ སྡེ་ཚན་གྱི་ ལས་བྱེདཔ་ཚུ་ བཏོན་བཏང་དགོ་པའི་ གནད་དོན་གཙོ་བོ་ར་ ཡུ་རོབ་ལུ་ སྒེར་དབང་གི་བཅའ་ཡིག་དམ་སྒྲིང་ སྤྱིར་གནས་སྡུད་ཉེན་སྐྱོབ་དབང་འཛིན་གྱི་ ལམ་ལུགས་གསརཔ་དེ་ ད་རེས་སྤྱི་ཟླ་༥ པའི་ཚེས་༢༥ ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཨིསི་ཀེན་ཀེ་ཕི་དེ་ ཡོངས་འབྲེལ་ཐོག་ལས་ ཚོང་མགྲོན་པ་ཚུ་ལུ་ འདྲ་པར་དང་ བཟོ་བཀོད་ཀྱི་ ཞབས་ཏོག་ཚུ་ཡང་ བྱིན་དོ་ཡོདཔ་ད་ ལས་སྡེ་ག་ར་འབད་རུང་ སྒེར་སྡེའི་གནས་སྡུད་དང་འབྲེལ་བའི་ ལཱ་འབད་མི་ཚུ་ ལམ་ལུགས་དེ་ལུ་ གནས་དགོ་ཟེར་ མདོ་ཆེན་གྱིས་ བཤད་ཅི།

མ་གཞི་ ལས་སྡེ་ནང་ སྒེར་གྱི་གནས་སྡུད་ཚུ་ འདྲ་པར་བཟོ་ནིའི་དོན་ལུ་ ཡུ་རོབ་ལུ་ཡོད་མི་ ཨིསི་ཀེན་ཀེ་ཕི་གི་ ལས་སྡེ་གིས་ བཏང་དོ་ཡོདཔ་ལས་ དབང་འཛིན་གྱི་ ལམ་ལུགས་ལུ་ གནས་དགོཔ་ལས་ འདྲ་པར་གྱི་ ཞབས་ཏོག་མཚམས་འཇོག་འབད་ནི་ལུ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།

ཁོ་གིས་འབད་ཅིན་ ལམ་ལུགས་དང་འཁྲིལཝ་བ་ཅིན་ ངོ་རྐྱང་ཚུ་གིས་ རང་སོའི་གནས་སྡུད་ཚུ་ རྒྱལ་ཁབ་ཕྱི་ཁར་གཏང་མི་ཆོག་ཟེར་ཨིནམ་ད་ གལ་སྲིད་ ལམ་ལུགས་དེ་ལུ་ ངོས་ལེན་མ་འབད་ཅིན་ ཉེས་བྱ་སྦོམ་བཀལཝ་ཨིན་ཟེར་ཨིན་པས།

མ་གཞི་ ལཱ་གཡོག་བཅའ་ཁྲིམས་དང་འཁྲིལཝ་ད་ བརྡ་བསྐུལ་གྱི་ དུས་ཡུན་ ཟླ་ངོ་༡ བྱིན་དགོཔ་ཨིན་རུང་ ལས་སྡེ་གིས་ ཟླ་རིམ་དངུལ་ཕོགས་བྱིན་ཐོག་ལས་ བརྡ་བསྐུལ་ཟླཝ་༢ བྱིན་ཡི་ཟེར་མདོ་ཆེན་གྱི་བཤད་ཅི།

ལས་བྱེདཔ་ཚུ་ཡང་ འདས་པའི་ཆ་སྙོམས་ཀྱི་ ལཱ་ཤུལ་གྲུབ་འབྲས་དང་འཁྲིལ་ཏེ་ མར་ཕབ་འབད་ཡི་ཟེར་ཨིནམ་ད་ ལས་སྡེའི་སྡེ་ཚན་༡ ཡང་ སྒོ་མ་བསྡམས་པའི་ཁར་ ད་ལྟོ་ ལས་སྡེ་ནང་ འདྲ་པར་དང་འབྲེལ་བའི་ ལཱ་འབད་མི་ མི་ངོ་༥ དེ་ཅིག་ བཞག་མི་དེ་ཡང་ ལས་འབྲེལ་གྲུབ་འབྲས་ལེགས་ཤོམ་ཐོན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ལམ་ལུགས་དེ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ལས་བྱེདཔ་༥ དེ་ཡང་ ལས་ཁུངས་གཞན་ནང་ བཙུགས་ནི་གི་ འཆར་གཞི་ཡོདཔ་ད་ ད་རེས་ ལས་བྱེདཔ་ཚུ་ ཧ་སྟོང་མར་ དགོངས་ཞུ་བཏང་བཏངམ་མེན་པར་ ལྷན་ཁག་དང་ གྲོས་བསྟུན་འབད་ཐོག་ལས་ འབད་ཡི་ཟེར་ཨིན་པས།

མདོ་ཆེན་གྱིས་ སླབ་མིའི་ནང་ ལས་བྱེདཔ་༦༧ ལུ་ ཟླ་༢ ཀྱི་ ཡོངས་བསྡོམས་དངུལ་ཕོགས་བརྩིས་ཏེ་ ཚོང་སྡེའི་ལས་གཡོག་བཅའ་ཡིག་དང་འཁྲིལ་ འཚོ་རྟེན་མ་དངུལ་ལ་སོགས་པའི་ ཐོབ་ལམ་གཞན་ཚུ་ཡང་ བྱིན་ནི་ལུ་ གྲོས་ཐག་བཅད་དེ་ཡོད་ཟེར་ཨིནམ་ད་ ད་རེས་ ལས་སྡེ་ནང་ ལས་བྱེདཔ་༤༠༠ དེ་ཅིག་འདུག།

བརྡ་དོན་འཕྲུལ་རིག་གླིང་ག་གི་ བཀོད་ཁྱབ་གཙོ་འཛིན་གྱིས་ ཌོག་ཊར་ཚེ་རིང་སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ གཞི་བཙུགས་འབད་དེ་ ལོ་༤ ལང་མི་ ཨིསི་ཀེན་ཀེ་ཕི་གིས་ གལ་སྲིད་ མ་འོངས་པ་ལུ་ ལས་སྡེ་གསརཔ་ཚུ་ སྒོ་ཕྱེ་བ་ཅིན་ དགོངས་ཞུ་བཏང་མི་ ལས་བྱེདཔ་ཚུ་ལུ་ གོ་སྐབས་དང་པ་ བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ གླིང་ག་ནང་ ལས་སྡེ་མང་རབས་ཅིག་ཡོད་མི་གྲས་ལས་ ན་གཞོན་ཚུ་ལུ་ ལཱ་གཡོག་མངམ་སྤྲོད་མི་དེ་ ཨིསི་ཀེན་ཀེ་ཕི་རྐྱངམ་གཅིག་ཨིནམ་ལས་ ལས་སྡེ་འཕྲོ་མཐུད་ ལག་ལེན་འཐབ་ནི་ལུ་ ཐོ་མི་ཕོག་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *