ལས་བྱེདཔ་༡༠ གྱི་ལཱ་གཡོག་ ཆ་མེད་གཏང་དགོ་པའི་གྲོས་འདེབས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་ཁྲལ་ཡངས་ཚད་འཛིན་གྱི་ བཀོད་ཚོགས་ཀྱི་ ཁྲི་འཛིན་ལུ་ ཁྲལ་ཡངས་ཚོང་སྡེའི་ནང་ གསར་བཙུགས་ཀྱི་ ཁྱད་ཚད་དང་མ་འཁྲིལ་བར་ ལས་གཡོགཔ་༡༠ བཙུགས་ཡོད་མི་ཚུ་ ཆ་མེད་གཏང་དགོཔ་སྦེ་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།

དེ་ཡང་ ཟླཝ་འདི་གི་ སྔ་ཆ་ལུ་ བཀོད་ཚོགས་ཀྱི་ ཁྲི་འཛིན་དང་ ཁྲལ་ཡངས་ཚད་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ དེ་ལས་ དངུལ་རྩིས་དྲུང་ཆེན་གསུམ་ལུ་ ཡི་གུ་སོ་སོར་ སྤྲོད་མི་ཚུ་ནང་ ལྷན་ཚོགས་ཀྱིས་ ལས་གཡོགཔ་གསར་བཙུགས་ཀྱི་ གདམ་འཐུ་ནང་ འབྲེལ་གཏོགས་ཡོད་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་སྒྲིང་སྒྲི་འབད་དགོཔ་སྦེ་བཀོད་ནུག།

བཀོད་ཚོགས་ཀྱི་ ཁྲི་འཛིན་ལུ་བཏང་མི་ ཡི་གུ་དེ་ནང་ ཁྱད་ཚད་དང་མ་འཁྲིལ་བར་བཙུགས་མི་ འགོ་དཔོན་༡༠ ཆ་མེད་གཏང་དགོཔ་མ་ཚད་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ལུ་ ལྟ་བཀོད་ནང་ འཐུས་ཤོར་བྱུང་པའི་ འགན་འཁྲི་བཀལ་དགོཔ་སྦེ་ གསལ་བཀོད་འབད་ནུག།

ཡོངས་ཁྱབ་འཛིན་སྐྱོང་འོགམ་དང་ ཚོང་འབྲེལ་འཛིན་སྐྱོང་པ་ དངུལ་རྩིས་འཛིན་སྐྱོང་པ་ དེ་ལས་ ཚོང་བཙོང་བཀོད་ཁྱབ་ཚུ་ཡོད་མི་འགོ་དཔོན་༡༠ སྐུགས་ཚད་བརྒྱ་ཆ་༦༥ གི་ ཁྱད་ཚད་མ་ཚང་པར་ ལཱ་གཡོག་ནང་ བཙུགས་ཡོད་མི་ལུ་བརྟེན་ཨིནམ་ད་ ལཱ་གཡོག་ས་སྟོང་གི་ གསལ་བསྒྲགས་འབདཝ་ད་ ཞུ་ཡིག་བཙུགས་མི་ཚུ་ལུ་ འབྲེལ་ཡོད་ཆོས་ཚན་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་ སྐུགས་ཚད་ཉུང་མཐའ་བརྒྱ་ཆ་༦༥ དགོ་པའི་ཁར་ སློབ་རིམ་༡༠ དང་༡༢ པའི་ནང་ སྐུགས་བརྒྱ་ཆ་༦༥ ལས་མ་ཉུངམ་དགོ་ཟེར་བཀོད་དེ་ཡོདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ ཞུ་ཡིག་བཙུགས་མི་ཚུ་ལུ་ སྐུགས་ཚད་བརྒྱ་ཆ་༦༥ མེད་རུང་ ཕྱི་སེལ་ཐོ་ནང་ ཚུད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་མ་ཚད་ ཞུ་ཡིག་བཙུགས་མི་ ལ་ལོ་ཅིག་གི་ གསོ་བའི་ལག་ཁྱེར་ དུས་མཐུན་མེད་པའི་ཁར་ མི་༡ ལུ་ སློབ་རིམ་༡༠ པའི་སྐུགས་ཤོག་མེད་རུང་ ཕྱི་སེལ་ཐོ་ནང་བཙུགས་ཏེ་ གདམ་འཐུ་འབད་ནུག་ཟེར་ཨིན་པས།

ད་རུང་ དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་ ཉིམ་རྡོ་རྗེ་ལུ་ ཡི་གུ་ལོགས་སུ་སྦེ་ སྤྲོད་མི་དེ་ནང་ ལས་གཡོགཔ་ཚུ་ གདམ་འཐུའི་དྲི་བ་དྲིས་ལན་འབད་མི་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་མདོ་ཆེན་དང་ འཆར་དངུལ་ལས་ཁུངས་ཀྱི་མདོ་ཆེན་ དངུལ་རྩིས་ལྷན་ཁག་འོག་གི་ མི་མང་ཚོང་ལས་སྡེ་ཚན་གྱི་ ལས་རིམ་འགོ་དཔོན་གོངམ་ དེ་ལས་ འབྲུག་ཁྲལ་ཡངས་ཚད་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་༤ ལུ་ གདམ་འཐུའི་ཁྱད་ཚད་ཚུ་དང་མ་འཁྲིལ་བར་ ལས་བྱེདཔ་༡༠ གསར་བཙུགས་འབད་བའི་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོཔ་སྦེ་བཀོད་ནུག།

དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་དེ་ འབྲུག་ཁྲལ་ཡངས་ཚད་འཛིན་གྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཁྲི་འཛིན་ཨིནམ་ད་ ལྷན་ཚོགས་ཀྱིས་ ལཱ་གཡོག་ཆ་མེད་གཏང་དགོ་པའི་ གྲོས་འདེབས་བཀོད་མི་ ལས་བྱེདཔ་ཚུ་ སྤྲོད་སྤྱི་ལོ་༢༠༡༦ གི་ལོ་ཕྱེད་དེ་ཅིག་ཁར་ བཙུགས་ཡོདཔ་ཨིན་པས།

དེ་ལས་ ཁྲལ་ཡངས་ཚད་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ལུ་ ཡོངས་ཁྱབ་འཛིན་སྐྱོང་འོགམ་དང་ འབྲེལ་ཡོད་ཚོང་བཙོང་བཀོད་ཁྱབ་ཚུ་ལས་ ཉི་ཤེལ་མ་ཚང་པའི་རིན་འཐུས་ དངུལ་ཀྲམ་༡༡༤,༠༠༠ དེ་ཅིག་ ལོག་བཙུགས་བཅུག་དགོཔ་སྦེ་ ཡི་གུ་སྤྲོད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ བཀོད་ཁྱབ་གཙོ་འཛིན་གྱིས་ སླབ་མ་བཏུབ།

ཁྲི་འཛིན་ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ བཀོད་ཚོགས་ཀྱིས་ ལྷན་ཚོགས་ལས་ ཡི་གུ་ཐོབ་ཅིག་ གློ་བུར་གྱི་ བཀོད་ཚོགས་ཞལ་འཛོམས་ཅིག་ འཚོགས་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ དང་ལེན་སྙན་ཞུ་ཕུལ་ནིའི་དོན་ལུ་ ད་ལྟོ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ དང་ལེན་གྱི་ སྙན་ཞུ་དེ་ ཉིནམ་༡ དང་༢ ཀྱི་རྒྱབ་ལས་ ཕུལ་འོང་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལས་གཡོགཔ་ཚུ་ ཁྱད་ཚད་དང་མ་འཁྲིལ་བར་ ཕྱོགས་ལྷུང་ཐོག་ གསར་བཙུགས་འབད་བའི་སྐོར་ མིང་མེད་ཉོགས་བཤད་ཡི་གུ་༢ ལྷོད་ཡོདཔ་མ་ཚད་ རྐང་བཙུགས་ཐོག་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཞིབ་དཔྱད་རྐྱབ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *