༉ འབྲུག་གི་དཀའ་ངལ་འདི་ ལཱ་གཡོག་མེད་མི་རྐྱངམ་གཅིག་མེན་པར་ ལཱ་མེད་མི་ཚུ་ལུ་ ལཱ་གཡོག་བྱིན་ནིའི་དོན་ལས་ ཟད་འགྲོ་འབོར་ཆེ་ཏོག་ཏོ་བཏང་པའི་མཐའ་མར་ ལས་སྡེ་ལ་ལོ་ཅིག་ནང་ ལས་གཡོགཔ་ཚུ་ལུ་བྱུང་མི་ དཀའ་ངལ་ཚུ་ བདག་མེད་འཚམས་ ལུས་ཏེ་འདུག།
དཔེར་ན་ འབྲུག་རྒྱལ་ཁབ་ནང་ གཞི་རྟེན་ཁང་ཚུ་ བཟོ་སྐྲུན་འབད་ནི་ལུ་མཁོ་བའི་ རྩི་ས་ཐོན་སྐྱེད་འབད་མི་ ལས་སྡེ་གཙོ་བོ་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ལས་མིའི་བཅའ་ཡིག་དང་འཁྲིལ་ དང་ལེན་མ་འབད་བའི་ མངོན་གསལ་བྱུང་མི་དེ་ཡང་ ལས་མི་༡༣༠ དེ་ཅིག་ ལས་གཡོག་པའི་ ཁེ་ཕན་ག་ནི་ཡང་ མ་བྱིན་པར་ ཉིན་བསྟར་ལས་མིའི་གྲངས་སུ་ ལཱ་འབད་བཅུག་སྟེ་ ལོ་ངོ་བཅུ་ཕྲག་ལྷག་སོ་ནུག།
ལས་གཡོགཔ་དེ་ཚུ་ རྒྱལ་ཡོངས་ལས་མིའི་ དབྱེ་སྡེ་གྲངས་སུ་བཙུགས་ཏེ་ ཁོང་རའི་ ཁག་འབག་གི་ལཱ་དེ་ ཟླཝ་༣ གྱི་བར་ན་ཚར་རེ་ བསྐྱར་གསོ་འབདཝ་ཨིན་མས།
ལས་མི་ཚུ་ལུ་ རྒྱལ་ཡོངས་ལས་མིའི་ གླ་ཆ་བྱིན་ཐོག་ལས་ བཀོལ་སྤྱོད་འབད་མི་ལུ་བལྟ་སྟེ་ དབང་འཛིན་གྱི་ མི་སྟོབས་འཛིན་སྐྱོང་འཐབ་ཐངས་ དེ་ལས་ ལས་མིའི་བཅའ་ཡིག་ལས་ འགལ་བ་འབད་མི་དེ་ལུ་ ལས་མི་ཞིབ་དཔྱོདཔ་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མ་མཐོང་པར་ ག་དེ་སྦེ་ ལུས་སོཔ་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ ལཱ་གཡོག་ལྷན་ཁག་གི་ དྲུང་ཆེན་དེ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ བཀོད་ཚོགས་ཀྱི་ ཁྲི་འཛིན་ཨིན་རུང་ ཁྲིམས་ལུགས་དང་མ་འཁྲིལ་བར་ ཤེས་ཅི་མཐོང་ཅི་ར་ འདི་བཟུམ་ལཱ་འབད་བཅུག་མི་དེ་ ཧ་གོ་མ་ཚུགས་ཟེར་ ལོ་རྒྱུས་ཡང་ སླབ་དོ་ཡོདཔ་ད་ རྩོད་དོན་འདི་ནང་ ཁེ་ཕན་ལྟག་སྤྲོད་ཡོདཔ་ལས་ ལས་མི་ལྷན་ཁག་གིས་ ལས་མིའི་བཅའ་ཁྲིམས་དེ་ ག་དེ་སྦེ་ བསྟར་སྤྱོད་འབད་ནི་ཨིན་ན?
རྒྱལ་ཁབ་ནང་ ལས་མིའི་བཅའ་ཁྲིམས་ བསྟར་སྤྱོད་འབད་དེ་ ལོ་ངོ་བཅུ་ཕྲག་ལང་ཡོདཔ་ཨིན་རུང་ དཔལ་ལྡན་རྩི་ས་བཟུམ་མའི་ ལས་སྡེ་ཚུ་ནང་ སྤྱི་ཚོགས་ལས་ ཆ་འཇོག་གྲུབ་མི་ བཅའ་ཁྲིམས་ཚུ་ལུ་ མ་གུས་མི་དང་ ལཱ་གཡོག་དང་འབྲེལ་བའི་ ཁྲིམས་དྭངས་གསལ་མེད་མི་དེ་གིས་ ལཱ་གཡོག་གི་ ཐོབ་དབང་ལུ་ བརྙས་བཅོས་དང་ ལས་མི་ཚུ་ བཀོལ་སྤྱོད་འབད་ནི་གི་ ཉེན་ཁ་སྦོམ་ཡོད།
དབང་འཛིན་གྱི་ འཛིན་སྐྱོང་གིས་འབད་བ་ཅིན་ ལས་མིའི་ཁྲིམས་ཡིག་ དེ་འཕྲོ་ལས་ ལག་ལེན་འཐབ་པ་ཅིན་ ལས་སྡེ་དང་ ལས་གཡོགཔ་གཉིས་ཆ་ར་ལུ་ གནོད་པ་དང་ སྟབས་མ་བདེཝ་ཚུ་ འབྱུང་ནི་ཨིན་རུང་ ད་རེས་ནངས་པར་ མི་སྟོབས་ཀྱི་ དགོས་མཁོ་དང་ སྡེ་ཚན་ག་ཏེ་ལུ་ ལས་གཡོགཔ་ཐེབས་དང་ མ་ལངམ་ཡོདཔ་ཨིན་ན་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་མས།
ལྷན་ཁག་གིས་ འདི་བཟུམ་མའི་ ལཱ་འབད་བཅུག་མི་ཚུ་གི་ ཁྲིམས་ཡིག་ཁ་གསལ་མེད་མི་ཚུ་ བསྐྱར་ཞིབ་ཐོག་ ལས་བྱེདཔ་ཚུ་གི་ གནས་སྟངས་ཉེན་སྲུང་ཆད་དང་ ཐོབ་ལམ་ཚུ་ཡང་ ལས་མིའི་བཅའ་ཁྲིམས་དང་འཁྲིལ་ འཐོབ་ནི་ཡོདཔ་ བཟོ་དགོཔ་བཞིན་དུ་ འདས་པའི་ལག་ལེན་ཚུ་ལུ་ ཧད་འཕུལ་སྡོད་ནི་མེན་པར་ ལས་སྡེ་ག་རའི་ནང་ ལས་མིའི་ཁྲིམས་ལུགས་ ལག་ལེན་འཐབ་བཅུག་དགོཔ་མ་ཚད་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ནི་མེདཔ་ ངེས་བརྟན་བཟོ་དགོ།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༧ པའི་རྩ་དོན་༨ པའི་ནང་ འབྲུག་པའི་མི་སེར་ཅིག་ལུ་ སྤྱི་གཡོག་གྲལ་ཁར་གཏོགས་ནི་ལུ་ འཛུལ་ཞུགས་དང་ གོ་སྐབས་འདྲ་མཉམ་གྱི་ ཐོབ་དབང་གནང་སྟེ་ཡོདཔ་ལས་ ལས་སྡེ་ཚུ་གིས་ ལས་གཡོགཔ་ཚུ་ལུ་ ལཱ་དང་བསྟུན་པའི་ དངུལ་ཕོགས་དང་ ཁེ་ཕན་ཚུ་ སྤྲོད་དགོཔ་མ་ཚད་ ཁག་འབག་གི་ ལས་མི་དགོཔ་ཡོད་རུང་ ཁྱད་གཡོག་དང་བསྟུན་པའི་ ཐོབ་ཐངས་ཚུ་སྤྲོད་དགོ།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …