ལས་གཡོག་ལྷན་ཁག་དོན་ལུ་ དངུལ་ཀྲམ་ས་ཡ་༩.༣༩༣ རྩིས་འགྲིགས་འབད་མ་ ཚུགས་པར་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༦ ལུ་ ལས་གཡོག་ལྷན་ཁག་དོན་ལུ་ དངུལ་ཀྲམ་ས་ཡ་༢༥.༥༢༡ རྩིས་ཞིབ་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༩.༣༩༣ རྩིས་འགྲིགས་འབད་མ་ཚུགས་པར་ ཡོདཔ་ཨིན་པས།

དེའི་གྲས་ལས་ དངུལ་ཀྲམ་ས་ཡ་༧.༥༤༨ ལས་གཡོག་ལྷན་ཁག་གིས་ གནང་བ་བྱིན་མི་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཅིག་གིས་ འབྲུག་མི་ཚུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་གཡོག་བྱིན་ནི་སྦེ་ མགུ་སྐོར་རྐྱབ་ཐོག་ལས་ འཐུས་བསྡུ་ལེན་འབད་མི་དེ་ཨིན་པས།
དེ་ཡང་ གཏན་བཞུགས་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ འབྲུག་མི་༣༩ ལས་ ཕྱིའི་རྒྱལ་ཁབ་ནང་ ལཱ་གཡོག་དོན་ལུ་ གཏང་ནི་སྦེ་ ཚུལ་མིན་ཐོག་ལས་ འཐུས་དངུལ་ཀྲམ་ས་ཡ་༧.༥༤༨ བསྡུ་ལེན་འབད་མི་དེ་ ལས་སྡེ་གིས་ ད་ལྟོའི་བར་ན་ཡང་ ཉམས་རྒུདཔ་ཚུ་ལུ་ ལོག་སྤྲོད་མ་བཏུབ་པར་ ཡོད་མིའི་ཐད་ཁར་ ལས་གཡོག་ལྷན་ཁག་གིས་ འགན་འཁྲི་འབག་དགོཔ་ཨིན་པས།
ལས་སྡེ་དེ་གིས་ འབྲུག་མི་༣༩ པོ་དེ་ སིངྒ་པུར་དང་ ལྷོ་ཀོ་རི་ཡ་ དེ་ལས་ མ་ཀའུ་ལ་སོགས་པའི་ རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་ བཏང་པའི་ཤུལ་ལས་ རྒྱལ་ཁབ་ཚུ་ནང་ལྷོདཔ་ད་ ལཱ་གཡོག་མ་ཐོབ་མ་ཚད་ སྡོད་ས་ཡང་མེདཔ་ལས་ ལོག་རྒྱལ་ཁབ་ནང་ འོང་དགོཔ་ཐོན་ནུག།
མ་གཞི་ གཏན་བཞུགས་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་དེ་ ལས་གཡོག་ལྷན་ཁག་གིས་ འབྲུག་མི་ཚུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་གཡོག་འབད་བར་ གཏང་ཆོག་པའི་ལས་སྡེ་ཅིག་སྦེ་ ངོས་འཛིན་འབད་ཡོད་རུང་ ལས་སྡེ་གིས་ གོང་འཁོད་རྒྱལ་ཁབ་ཚུ་ནང་ འབྲུག་མི་གཏང་ནིའི་ ཆོག་ཐམ་མེདཔ་ཨིན་པས།
ཉམས་རྒུདཔ་ཚུ་གིས་ ཁོང་ལུ་ མགུ་སྐོར་རྐྱབ་ཡོདཔ་ཨིནམ་ ཧ་གོ་བའི་ཤུལ་ལས་ ལས་གཡོག་ལྷན་ཁག་ལུ་ ཉོགས་བཤད་བཀོད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ ལས་སྡེའི་ཇོ་བདག་དེ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་ཨིན་པས།
ལས་སྡེ་གིས་ ཚུལ་མིན་ཐོག་ལས་ མ་དངུལ་ལོག་སྤྱོད་འབད་མི་དེ་ ཁོང་༣༩ ལས་ གནམ་གྲུའི་ཤོག་འཛིན་དང་ སྐྱོད་ཐམ་ དེ་ལས་ སྐྱེལ་འདྲེན་གྱི་འཐུས་ལ་སོགས་པ་ཚུ་ ལེན་མི་དེ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་༢༠༡༦ ཅན་མའི་ནང་ འཁོད་མི་དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ གཏན་བཞུགས་ལས་སྡེ་དང་གཅིག་ཁར་ ཁྲིམས་འབྲེལ་གྱི་རྩོད་གཞི་ འགོ་བཙུགས་མ་ཚུགས་མི་དེ་ཡང་ ཇོ་བདག་དེ་ བདའ་ཟུན་མ་ཚུགས་ནི་དེ་གིས་་ཨིན་པས།
རྩིས་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ ལས་སྡེ་དེ་གིས་ མི་ངོམ་རེ་ལས་ ཉུང་ཤོས་དངུལ་ཀྲམ་ས་ཡ་༠.༡༨ རེ་ ལེན་ནུག་ཟེར་ཨིནམ་ད་ དེ་བཟུམ་གྱི་ དཀའ་ངལ་ཐོན་མི་དེ་ ལྷན་ཁག་གིས་ འབྲུག་མི་ཕྱི་རྒྱལ་ལུ་ ལཱ་གཡོག་འབད་བར་བཏང་མིའི་ སྒྲིག་གཞི་དེ་ ལེགས་ཤོམ་སྦེ་ བསྟར་སྤྱོད་མ་འབད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ ལས་སྡེའི་ཆོག་ཐམ་ཆ་མེད་བཏང་ཡོདཔ་མ་ཚད་ འཛིན་བཟུང་འབད་ནིའི་དོན་ལུ་ ཁྲིམས་འདུན་ལས་ གནང་བ་ལེན་ཡོད་རུང་ བསྟར་སྤྱོད་འབད་མ་ཚུགས་མི་དེ་ཡང་ ཇོ་བདག་དེ་ གར་སོར་མེད་པར་ བྱང་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
གཏན་བཞུགས་ལས་སྡེའི་ མགུ་སྐོར་ནང་ཚུད་མི་ ལ་ལོ་ཅིག་ རང་སོའི་ཡིག་ཚང་ནང་ལས་ དགོངས་ཞུ་འབད་ཡོདཔ་མ་ཚད་ ཡོན་ཏན་ལྷབ་འཕྲོ་ཡང་ བཀོག་བཞག་སྟེ་ ཕྱིའི་རྒྱལ་ཁབ་ནང་ འགྱོ་ནིའི་དོན་ལུ་ དཔའ་བཅམ་ཡོདཔ་ད་ ཁོང་མང་ཤོས་ཅིག་ལུ་ ཏི་རུ་མེདཔ་ལས་ དངུལ་ཁང་ཚུ་ལས་ བསྐྱིན་འགྲུལ་ལེན་མི་ ལ་ལོ་ཅིག་ ཟླ་རིམ་གྱི་ བཙུགས་རིམ་ཚུ་ཡང་ བཏབ་མ་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *