༉ རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ནི་དང་ ཁོང་ལུ་ཡོད་པའི་རིག་རྩལ་ཚུ་ ལག་ལེན་འཐབ་བཅུག་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ ལཱ་གཡོག་དབྱེ་ཁག་༤ ནང་ཚུད་མི་ ཕྱིའི་ལས་མི་ཚུ་གི་ ཆོག་ཐམ་བསྐྱར་གསོ་ མི་འབད་ནི་ཨིན་པས།
དེ་ཡང་ ཕྱིའི་ལས་མི་ གསར་བཙུགས་དང་འཛིན་སྐྱོང་༢༠༡༢ ཀྱི་དོན་ཚན་༡༡ པ་ལྟར་དུ་ ལས་གཡོག་ལྷན་ཁག་གི་འོག་ལུ་ ལཱ་གཡོག་ཁག་༢༨ ཕྱིའི་ལས་མི་ཚུ་ བཀག་དམ་འབད་ནིའི་ནང་ ཚུད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ལཱ་གཡོག་ཁ་སྐོང་ ༤ གྲས་ཁར་བཙུགས་ཡོདཔ་ཨིན་པས།
ལྷན་ཁག་གིས་ སྤྱི་ལོ་༢༠༠༧ ལས་ ལཱ་གཡོག་དེ་ཚུ་ སྤྲོད་མིའི་ལས་སྡེ་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ འབྲུག་པའི་ན་གཞོན་ཚུ་ལུ་ བྱིན་དགོཔ་སྦེ་ གསལ་བསྒྲགས་ཡང་བསྐྱར་འབད་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༡༡ ལས་ ལཱ་གཡོག་དེ་ཚུའི་དོན་ལུ་ ལས་མིའི་ཆོག་ཐམ་ མི་བྱིན་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསལ་བསྒྲགས་འབད་ཡོད་པའི་ ལཱ་གཡོག་དབྱེ་ཁག་༤ པོ་དེ་ཡང་ ནང་ཆས་བཟོ་ཁང་གི་བཟོ་བོ་དང་ བཟོ་བཀོདཔ་ བཟོ་སྐྲུན་ལྟ་རྟོག་པ་ དེ་ལས་ ཨ་ལོ་གཅེས་སྐྱོང་ལྟེ་བའི་འཛིན་སྐྱོང་པ་ ཡང་ན་ ལས་བྱེདཔ་ཚུ་ཚུདཔ་ཨིན་པས།
ལས་མི་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ ལཱ་གཡོག་དེ་ཚུ་འབད་ནིའི་རིག་རྩལ་ཚུ་ འབྲུག་མི་ཚུ་ལུ་ཡོདཔ་ལས་ ཕྱིའི་ལས་མི་ཚུ་ལུ་ གོ་སྐབས་བྱིན་ནི་ལས་ བཀག་ཆ་འབད་དགོཔ་ཨིན་ཟེར་ཨིན་པས།
ད་ལྟོ་ ནང་ཆས་བཟོ་ཁང་གི་ བཟོ་བོ་ཚུ་ག་ར་ ཕྱིའི་ལས་མི་ཚུ་ཨིནམ་ད་ འབྲུག་པའི་ན་གཞོན་བརྒྱ་ལས་བཅད་དེ་ བཟོ་བའི་སྦྱོང་བརྡར་མཐར་འཁྱོལ་ཡོད་རུང་ ད་ལྟོའི་བར་ན་ཡང་ ལཱ་གཡོག་མེད་པར་ ལུས་ཡོདཔ་ཨིན་པས།
ནང་ཆས་བཟོ་བོ་གི་དོན་ལུ་ ན་གཞོན་༣༤༤ སྦྱོང་བརྡར་འབད་ཡོད་པའི་གྲས་ལས་ ན་གཞོན་༡༧༦ ལཱ་གཡོག་ཐོབ་སྟེ་ཡོདཔ་ད་ གཞན་མི་ཚུ་ ད་ལྟོ་ཡང་ ལཱ་གཡོག་མ་ཐོབ་པར་ ལུས་ཡོདཔ་ད་ རྒྱལ་ཁབ་ནང་ ནང་ཆས་བཟོ་ཁང་༤༠༨ ཡོདཔ་བཞིན་དུ་ ནང་ཆས་བཟོ་ཁང་༤༧ རྐྱངམ་གཅིག་ འབྲུགཔ་ཚུ་གིས་ ཞབས་ཏོག་བྱིན་ཏེ་ཡོདཔ་ཨིན་པས།
ཕྱིའི་ལས་མི་༢༨༥ གིས་ ནང་ཆས་བཟོ་བོ་གི་ ལཱ་འབད་དོ་ཡོདཔ་ལས་ གལ་སྲིད་ཕྱི་མི་༢༨༥ འི་ཆོག་ཐམ་དེ་ བསྐྱར་གསོ་མ་འབད་བ་ཅིན་ འབྲུག་པའི་ན་གཞོན་༢༨༥ ལུ་ ལཱ་གཡོག་གི་གོ་སྐབས་འཐོབ་ནི་ཨིནམ་ལས་ ལཱ་གཡོག་གི་ དཀའ་ངལ་བསལ་ཏེ་ དམིགས་ཡུལ་འགྲུབ་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་པའི་ན་གཞོན་ བཟོ་བཀོད་པའི་ཤེས་ཡོན་སྦྱང་སྟེ་ ལཱ་གཡོག་མ་འཐོབ་མི་ལེ་ཤ་ཡོདཔ་ལས་ ཕྱིའི་བཟོ་བཀོདཔ་ཚུ་ བཀག་ཆ་འབད་བ་ཅིན་ འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ སྤྲོད་ཚུགས་ནི་ཨིནམ་ད་ དེ་བཟུམ་སྦེ་ བཟོ་སྐྲུན་ལྟ་རྟོག་པ་དང་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ ལས་བྱེདཔ་ཚུ་གི་དོན་ལུ་ཡང་ འབྲུག་པའི་ན་གཞོན་ དགོས་མཁོ་བའི་ རིག་རྩལ་སྦྱོང་དང་བརྡར་འབད་ཡོད་མི་ ལེ་ཤ་ཡོདཔ་ལས་ ཁོང་ལུ་ལཱ་གཡོག་གི་ གོ་སྐབས་བྱིན་ནིའི་དོན་ལུ་ཨིན་པས།
ལཱ་གཡོག་དེ་ཚུའི་དོན་ལུ་ རིག་རྩལ་ཅན་གྱི་ ན་གཞོན་ཚུ་ཡོདཔ་ལས་ རང་གི་རྒྱལ་ཁབ་ནང་ལས་ རིག་རྩལ་ཡོད་མི་བཞག་སྟེ་ ཕྱིའི་ལས་མི་ཚུ་ འབོ་དགོཔ་མེད་ཟེར་ཨིནམ་ད་ ས་མཚམས་ནང་འབད་བ་ཅིན་ ལས་མི་ཚུ་ ཉིན་བསྟར་བཞིན་དུ་ ཉིན་མིའི་ཆོག་ཐམ་དང་འཁྲིལ་ཏེ་ འབད་བཞིན་དུ་སྡོད་ནི་ཨིན་པས།
དེ་ཡང་ ས་མཚམས་ནང་འབད་བའི་བསྒང་ལས་ རྒྱུན་འགྲུལ་འབད་མི་ རྒྱུན་ཆད་མེད་པར་སྡོད་པའི་ཁར་ དུས་རྒྱུན་ལྟ་རྟོག་འབད་ནི་ལུ་ ལཱ་ཁག་ཨིན་པའི་ཁར་ ལས་མི་ཚུ་ ཕྱི་རུ་རང་སོའི་ས་ཁོངས་ནང་ ལོག་འགྱོ་དོ་ཡོདཔ་མ་ཚད་ ཁོང་རའི་ཉིན་བསྟར་གྱི་ ལཱ་གཡོག་ཆོག་ཐམ་ཡོད་པ་ཅིན་ ལཱ་འབད་ཆོག་ནི་ཨིན་པས།
ལས་གཡོག་ལྷན་ཁག་གིས་ སྤྱི་ཟླ་༡༠ པའི་ཚོས་ ༢༠ ལུ་ གསལ་བསྒྲགས་འབད་མིའི་ནང་ ལྷན་ཁག་གིས་ སྤྱི་ཟླ་༡༠ པའི་ཚེས་༢༠ ལུ་ གསལ་བསྒྲགས་འབད་མི་དེ་ནང་ ད་ལྟོ་ བཀག་ཆ་ཡོད་པའི་ལཱ་གཡོག་༢༤ ལུ་ ནང་ཆས་བཟོ་བོ་དང་ བཟོ་བཀོདཔ་ ཞི་བའི་བཟོ་རིགཔ་ བཟོ་སྐྲུན་ལྟ་རྟོག་པ་དང་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ འཛིན་སྐྱོང་པ་དང་ དེ་ལས་ གཞི་རིམ་དང་ འབྲིང་རིམ་སློབ་གྲྭའི་སློབ་དཔོན་ཚུ་གི་ ཆོག་ཐམ་བསྐྱར་གསོ་དང་ གསརཔ་མི་བྱིན་ཟེར་མི་དེ་ ནོར་བ་བྱུང་ཡོདཔ་ལས་ འཕྲལ་ཁམས་ཀྱི་ གསལ་བསྒྲགས་ལུ་ ཆ་གནས་འབད་ནི་ཟེར་ཨིན་པས།
ད་ལས་ཕར་ དབྱེ་ཁག་དེ་ཚུའི་ནང་ཚུད་མི་ ཕྱིའི་ལས་མི་ཚུ་ ལྷག་ཁག་གིས་ ལྟ་རྟོག་དམ་དམ་འབད་དེ་ ཆོག་ཐམ་བསྐྱར་གསོ་དང་ གསརཔ་མི་བཟོ་ཟེར་ ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ།