ལས་གཡོག་ལྷན་ཁག་གིས་ རྩིས་ལོ་༢༠༡༧ དང་༢༠༡༨ ནང་ ན་གཞོན་༧,༡༠༡ ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནི།

༉ ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ གསར་བཏོན་མ་འབད་རུང་ རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ དཀའ་ངལ་བྱུང་མི་དེ་ སེལ་ཐབས་ལུ་ ལཱ་གཡོག་གི་ འཆར་གཞི་གསརཔ་ཅིག་ བརྩམས་ཏེ་ཡོདཔ་ཨིན་པས།
ལྷན་ཁག་གིས་ ལཱ་གཡོག་འཚོལ་མིའི་ ཚོད་རྩིས་བཏོན་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ལུ་ རྒྱལ་ཁབ་ནང་ ལཱ་གཡོག་འཚོལ་མི་༡༩,༣༦༣ འཐོན་ནི་མས་ཟེར་ཨིནམ་ད་ ལཱ་གཡོག་འཆར་གཞི་དེ་ཡང་ དམིགས་བསལ་དུ་ ལཱ་གཡོག་འཚོལ་མི་ སྐྱེས་ལོ་༡༥ ལས་༢༤ གི་བར་ན་འབད་མི་ ན་གཞོན་ཚུ་གི་དོན་ལུ་ཨིན་པས།
ལཱ་གཡོག་འཆར་གཞི་གསརཔ་དེ་ ན་ཧིང་ སྤྱི་ཟླ་༡༠ པ་ལས་ གྲ་སྒྲིག་འབད་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་དང་པ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།
ལཱ་གཡོག་ཞབས་ཏོག་སྡེ་ཚན་གྱི་ ལཱ་གཡོག་གཙོ་འཛིན་འགོ་དཔོན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ ལྷན་ཁག་གིས་ རྩིས་ལོ་༢༠༡༧ དང་༢༠༡༨ ཀྱི་ འཆར་གཞི་ནང་ ལཱ་གཡོག་འཚོལ་མི་ ན་གཞོན་༡༨,༠༠༠ དང་༡༩,༠༠༠ དེ་ཅིག་གི་བར་ན་ འོང་ནི་ཨིན་པའི་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཨིན་པས།
ལཱ་གཡོག་འཆར་གཞི་ ལག་ལེན་འཐབ་ནིའི་དོན་ལུ་ གཞུང་གིས་ མ་དངུལ་ས་ཡ་༣༠༣.༣༦༧ བཞག་ནུག།
ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ ལཱ་གཡོག་འཚོལ་མི་༡༩,༣༦༣ ལས་༨,༡༦༢ དེ་ སྤྱིར་བཏང་དཔལ་འབྱོར་ལས་སྣ་ཚུ་ནང་ བཙུགས་ནི་ལུ་ ཚོད་རྩིས་བཏོན་ཏེ་ཡོད་པའི་ཁར་ ན་གཞོན་༤,༡༠༠ དེ་ ལྷན་ཁག་བརྒྱུད་དེ་ ལཱ་གཡོག་རིག་རྩལ་དང་ ལཱ་གཡོག་གི་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོང་ལས་དང་ རང་གིས་ ལཱ་གཡོག་བཟོ་མི་ ལས་རིམ་ནང་ ན་གཞོན་༢,༧༠༡ དང་ ཕྱིའི་ལཱ་གཡོག་ལས་རིམ་ནང་༢,༡༠༠ དེ་ལས་ ཐད་ཀར་ལཱ་གཡོག་ཟེར་ གཞུང་དང་སྒེར་སྡེ་གིས་ དངུལ་ཕོགས་བགོ་བཤའི་ ལཱ་གཡོག་ནང་ མི་ངོ་༡,༤༠༠ བརྩིས་ཏེ་ ན་གཞོན་༧,༡༠༡ ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནི་ཨིན་པས།
དེ་མ་ཚད་ གཞུང་དབང་ལས་འཛིན་གསརཔ་ སོ་ནམ་འཕྲུལ་ཆས་ལས་འཛིན་དང་ འབྲུག་བཟའ་སྤྱོད་ལས་འཛིན་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ འབྲུག་སྔོ་ལྗང་ལས་འཛིན་ དེ་ལས་ རྒྱལ་ཁབ་ཀྱི་ གྲྭ་ཚང་༣༨༨ ཚུ་ནང་ ཨིང་སྐད་ཀྱི་ སློབ་དཔོན་བརྩིས་ཏེ་ མི་ངོ་༩༠༠ ལུ་ གཞུང་གིས་ དངུལ་ཕོགས་ཧཱིལ་བུམ་ རྒྱབ་སྐྱོར་གནང་ནི་སྦེ་ ལཱ་གཡོག་འཆར་གཞི་ནང་ བཙུགས་ཏེ་ཡོད་ཟེར་ ཨོ་རྒྱན་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་ཁག་གིས་ ལས་འཛིན་༤ ལུ་ ལཱ་གཡོག་འཚོལ་མི་ཚུ་ ལཱ་གཡོག་ནང་ བཙུགས་ནི་དང་ དངུལ་ཕོགས་ཚུ་ ལོ་༢ ཀྱི་རིང་ རྒྱབ་སྐྱོར་འབད་ནི་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ ལོ་༢ ཀྱི་ཤུལ་ལས་ ལས་འཛིན་ཚུ་ ཡུན་བརྟན་སྦེ་ གནས་ཚུགས་ནི་ཨིནམ་ལས་ ལས་བྱེདཔ་ཚུ་ཡང་ རང་སོའི་ལས་འབྲེལ་དང་འཁྲིལ་ཏེ་ གཏན་འཇགས་བཟོ་ནིའི་ དབང་ཆ་ཚུ་ ལས་འཛིན་ལུ་ཡོད་ཟེར་ཨིན་པས།
ཚོང་ལས་དང་ རང་གིས་ལཱ་གཡོག་བཟོ་ནིའི་ ལས་རིམ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༩༠༠ དང་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་༡,༠༠༠ དེ་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་༨༠༡ བཙུགས་ནི་ཨིན་པས།
དེ་ལས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༨༠༠ དང་ སློབ་རིམ་༡༢ པ་༩༠༠ དེ་ལས་ སློབ་རིམ་༡༠ པ་མཇུག་བསྡུ་མི་༤༠༠ བཙུགས་ནིའི་ དམིགས་གཏད་ཡོདཔ་མ་ཚད་ ཐད་ཀར་ལཱ་གཡོག་ལས་རིམ་ནང་ མི་ངོ་༢,༣༠༥ བཙུགས་ནི་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གཞུང་གིས་ ན་གཞོན་ལཱ་གཡོག་གི་ གནད་དོན་དེ་ལུ་ ཚ་གྱང་སྦོམ་སྦེ་ར་ཡོདཔ་ལས་ ཕྱི་ནང་ལཱ་གཡོག་ལས་རིམ་སྣ་ཚོགས་ནང་ ན་གཞོན་ག་ར་ལུ་ ལཱ་གཡོག་སྤྲོད་ཚུགསཔ་འབད་ནི་ལུ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ན་གཞོན་ཚུ་གིས་ ལཱ་གཡོག་ཚུ་ནང་ གདམ་ཁ་རྐྱབ་སྟེ་ འཛུལ་དོ་ཡོད་མི་ལུ་བརྟེན ལྷན་ཁག་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིནམ་ད་ འཆར་གཞི་དེ་ནང་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་༢༦༢.༨༠༨ བགོ་བཀྲམ་འབད་མི་དེ་གིས་ ན་གཞོན་༥,༧༨༠ ལུ་ ལཱ་གཡོག་བྱིན་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༡༥ དང་༢༠༡༦ གི་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མ་ཐོབ་མིའི་ གྱངས་ཁ་དེ་ བརྒྱ་ཆ་༡༠.༧ ཡོད་པའི་ཁར་ ཨམ་སྲུ་བརྒྱ་ཆ་༡༢.༧ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *