༉ ལས་གཡོག་ལྷན་ཁག་གིས་ ལཱ་གཡོག་གི་ གོ་སྐབས་བཟོ་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་ བརྩམས་ཡོད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ལྷན་ཁག་གིས་ བརྟག་ཞིབ་མ་འབད་བར་ འཆར་གཞི་ཚུ་ བརྩམས་ནུག་ཟེར་ཨིན་པས།
རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ལྷན་ཁག་གིས་ ཧེ་མ་ལས་ཡོད་མི་ ལཱ་གཡོག་གི་ཚོང་ལམ་ཚུ་ གཏན་འཁེལ་མ་བཟོ་བར་ ཧེ་མ་ར་ ལས་རིམ་སྣ་ཚོགས་ བརྩམས་ནུག་ཟེར་ཨིནམ་ད་ ལོ་༥ འི་འཆར་གཞི་༡༡ པའི་ནང་ ལཱ་གཡོག་གི་དོན་ལུ་ ལས་རིམ་སྣ་ཚོགས་བརྩམས་ཡོད་པའི་ཁར་ ལས་རིམ་དེ་གི་དོན་ལུ་ བཞག་ཡོད་མི་ འཆར་དངུལ་ལས་ བརྒྱ་ཆ་༨༠ དེ་ཅིག་ ཟད་འགྲོ་བཏང་ཚར་ཡོད་རུང་ ལས་རིམ་དེ་གིས་ ཁེ་ཕན་ཚུ་ ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ན་ཚུ་ ལྟ་ཞིབ་འབད་དེ་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ལས་རིམ་འགོ་འདྲེན་འཐབ་པའི་ཤུལ་ལས་ ལཱ་གཡོག་གི་གོ་སྐབས་ཐོབ་མི་ཚུ་ལུ་ ཁེ་ཕན་ཚུ་ ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་ ལྟ་རྟོག་འབད་དེ་མེདཔ་ལས་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༣༠ ཚུན་གྱི་ གནས་ཚད་བལྟ་བ་ཅིན་ ན་གཞོན་ལཱ་གཡོག་འཚོལ་མི་༡༧,༡༣༥ དེ་ཅིག་ཡོདཔ་ལས་ ལཱ་གཡོག་མ་ཐོབ་པའི་ཚད་གཞི་ བརྒྱ་ཆ་༢.༥ ལུ་ ལྷོད་ཡོད་པའི་སྙན་ཞུ་དང་ རྒྱབ་འགལ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
ཁག་འབག་ནང་ ན་གཞོན་༢,༤༠༡ བཙུགས་ཡོད་མི་ལས་ དུས་ཡུན་ཚང་བའི་ཤུལ་ལས་ ན་གཞོན་༡,༢༦༨ ལུ་ གཏན་བཞག་གི་ ལཱ་གཡོག་ མ་བྱིན་མི་དེ་ གཞུང་ལུ་ དངུལ་ཀྲམ་ས་ཡ་༨༡.༢༤༦ གནས་ནུག་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་ད་ ན་གཞོན་༡༠༢༧ ལུ་ ལཱ་གཡོག་གི་ ལས་རིམ་གཅིག་ལས་མང་བའི་ ལས་རིམ་ནང་ བཅའ་མར་གཏོགས་བཅུག་མི་དེ་གིས་ ད་རུང་ དངུལ་ཀྲམ་ས་ཡ་༧༢.༩༡ དེ་གིས་ ཟད་འགྲོ་ཐེབས་བཏང་དགོཔ་ཐོན་ནུག་ཟེར་ཨིན་པས།
དེ་གིས་མ་དོ་བར་ ལས་རིམ་དེ་གི་ཐོག་ལས་ འབྲུག་པའི་ན་གཞོན་ཚུ་ ཕྱི་རྒྱལ་ལུ་ ལཱ་འབད་བར་བཏང་མི་ཚུ་ལུ་ཡང་ ཉེན་སྲུང་གི་ཐབས་ལམ་ཚུ་ མ་བཏོནམ་ལས་ ན་གཞོན་ཚུ་ལུ་ དངུལ་ཕོགས་དུས་ཚོད་ཁར་ མ་འཐོབ་མི་དང་ དུས་ཚོད་ཡུན་རིངམོ་སྦེ་ ལཱ་འབད་དགོཔ་ཐོན་ཡོདཔ་མ་ཚད་ ཉེན་སྲུང་མེད་པའི་ ས་ཁོངས་ཚུ་ནང་ ལཱ་འབད་དགོཔ་ཐོན་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ རྩིས་ཞིབ་དབང་འཛིན་གྱིས་ རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་སེལ་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་དེ་ ལཱ་གཡོག་དང་འབྲེལ་བ་ཡོད་པའི་ ལྷན་ཁག་ཨིནམ་ལས་ གདོང་ལེན་དེ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ ལས་སྡེ་དང་ཡིག་ཚང་ཚུ་ གཅིག་ཁར་འཛོམས་ཏེ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཡུན་བརྟན་གྱི་ཐབས་ལམ་བཏོན་དགོཔ་འདུག་ཟེར་བཀོད་ནུག།
ལྷན་ཁག་གིས་ ལྷན་ཁག་དང་ ལས་སྡེ་གཞན་ཚུ་གིས་ ལཱ་གཡོག་དང་འབྲེལ་བའི་གདོང་ལེན་ཚུ་ཐོནམ་ད་ འགན་འཁྲི་འབག་ནིའི་དོན་ལུ་ ལམ་ལུགས་བཟོ་དགོ་པའི་ཁར་ ལས་གཡོག་ལྷན་ཁག་གིས་ ད་ལྟོ་ཡོད་མི་ ན་གཞོན་ལཱ་གཡོག་མ་ཐོབ་མིའི་གནས་སྟངས་དང་ མ་འོངས་པ་ལུ་ གནས་སྟངས་ག་བཟུམ་འཐོན་ནི་ཨིན་ན་ཚུ་ བལྟ་དགོཔ་འདུག་ཟེར་ཨིན་པས།
ལྷན་ཁག་གིས་ ལཱ་གཡོག་རྩ་ལས་ ཐོབ་མ་ཚུགས་མི་ཚུ་གི་དོན་ལུ་ དམིགས་བསལ་དུ་ ཐབས་ལམ་སོ་སོར་སྦེ་ བཏོན་དགོཔ་འདུག་ཟེར་ཨིནམ་ད་ ལྷན་ཁག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ལཱ་གཡོག་དང་འབྲེལ་བའི་ གནས་སྡུད་ཚུ་ དུས་མཐུན་བཟོ་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ ལས་གཡོག་ལྷན་ཁག་གིས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ སེལ་ཐབས་ལུ་ ལཱ་གཡོག་འགྲེམས་སྟོན་དང་སྲིད་བྱུས་བཟོ་ནི་ལ་སོགས་པའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་འདུག་ཟེར་ སྙན་ཞུ་ནང་ བཀོད་ཡོད་རུང་ ལྷན་ཁག་གིས་ ལཱ་གཡོག་གི་གོ་སྐབས་བཟོ་ནིའི་དོན་ལུ་ ཧེ་མ་ལས་ཡོད་པའི་ དམིགས་དོན་ཚུ་ལུ་ ལོག་དམིགས་གཏད་བསྐྱེད་ནི་དེ་ ལམ་ལུགས་ཅིག་ལུ་ གྱུར་ནུག་ཟེར་ཨིན་པས།
འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་མེདཔ་ལས་ ལྷན་ཁག་གིས་ ལཱ་གཡོག་མ་ཐོབ་པའི་ གནས་སྡུད་ངེས་ཏིག་སྦེ་ བྱིན་མ་ཚུགས་པར་འདུག་ཟེར་ རྒྱབ་སྣོན་སྙན་ཞུ་ནང་ བཀོད་ཡོདཔ་ད་ སྤྱིར་བཏང་ལུ་ ལཱ་གཡོག་ཕན་གྲོགས་ལས་རིམ་དེ་ ཕན་ཐོགས་ཅན་ཅིག་ལུ་ འགྱུར་མ་ཚུགས་པས་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལོའི་ ལཱ་གཡོག་མ་ཐོབ་པའི་གནས་སྡུད་ནང་ ན་གཞོན་བརྒྱ་ཆ་༩༧.༥ ལུ་ ལཱ་གཡོག་བྱིན་ཚར་ཏེ་ཡོད་ཟེར་ བཀོད་ཡོད་རུང་ དོགས་པ་ཆགས་པའི་ ཡུལ་ཅིག་ལུ་གྱུར་ཡོདཔ་ལས་ གནས་སྡུད་ལུ་ ཆ་བཞག་ཐབས་མིན་འདུག་ཟེར་ བཀོད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།