ཁ་ཙ་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་ ཁོ་རའི་ཡིག་ཚང་ནང་ ལཱ་འབད་ནི་ འགོ་བཙུགས་པའི་བསྒང་།

ལས་གཡོག་བློན་པོ་ ཡིག་ཚང་ནང་ ལོག་ཕྱག་ལཱ་གནང་ནི་ འགོ་བཙུགས་ཡོདཔ།

༉ ལས་གཡོག་ལྷན་ཁག་གིས་ ན་གཞོན་ཚུ་ལུ་ སྦྱོང་བརྡར་བྱིན་མི་ཚུ་ནང་ ངན་ལྷད་འཐབ་ཡོད་པའི་ ཁ་ཉེས་ཚུ་ལུ་བརྟེན་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་དེ་ དུས་ཡུན་ཟླཝ་༥ ལྷགཔ་ཅིག་ ངལ་གསོ་ལེན་ཏེ་ སྡོད་པའི་ཤུལ་ལས་ ཁ་ཙ་ ལོག་ཡིག་ཚང་ནང་ འཛུལ་ཞུགས་འབད་ནུག།
ལྷན་རྒྱས་གཞུང་ཚོགས་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ལས་གཡོག་བློན་པོ་དེ་ ཁ་ཙ་ལས་ དུས་རྒྱུན་གྱི་ ལཱ་འབད་ནི་ འགོ་བཙུགས་ཅི་ཟེར་བཀོད་ནུག།
ལས་གཡོག་བློན་པོ་དེ་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༥ ལས་ ངལ་གསོ་སྦེ་ སྡོད་པའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལྷན་ཁག་གི་ སྦྱོང་བརྡར་ལས་རིམ་ཁག་ མ་འདྲཝ་ཚུ་ལུ་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ བར་ཆད་མི་རྐྱབ་ནི་དང་ ལྷན་ཚོགས་ཀྱིས་ རང་དབང་ཐོག་ལས་ ཞིབ་དཔྱད་འབད་ནིའི་དོན་ལུ་ ལས་གཡོག་བློན་པོ་དེ་ ཟླ་རིམ་གྱི་ དངུལ་ཕོགས་ཐོག་ལུ་ ངལ་གསོ་ནང་ བཞག་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་གཡོག་བློན་པོ་དེ་ ཁོ་རའི་ ཁས་བླངས་ཐོག་ལས་ ངལ་གསོ་ནང་ སྡོད་ཡོདཔ་བཞིན་དུ་ ཞིབ་དཔྱད་འབད་བའི་སྐབས་ བར་ཆད་མི་རྐྱབ་ནིའི་དོན་ལུ་ བློན་པོ་ཁོ་ར་ ངལ་གསོ་ལེན་ཏེ་ སྡོད་མི་ལུ་བརྟེན་ གཞུང་གི་ཁ་ཐུག་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་མ་ཚད་ བློན་ཆེན་ལུ་ རྒྱབ་སྐྱོར་གང་དྲག་འབད་མི་ལུ་བརྟེན་ ལས་གཡོག་དྲུང་ཆེན་དང་ མདོ་ཆེན་ དེ་ལས་ ལྷན་ཁག་གི་ འགོ་དཔོན་ཚུ་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ བཀོད་ཡོདཔ་ད་ བློན་ཆེན་གྱིས་ ལས་གཡོག་བློན་པོ་མེད་པའི་སྐབས་ ངོ་ཚབ་སྦེ་ ཕྱག་ལཱ་གནང་ནུག།
ལས་གཡོག་བློན་པོ་གིས་ བཤད་མིའི་ནང་ བློན་ཆེན་གྱིས་ ཡིག་ཚང་ནང་ ལོག་འཛུལ་ཞུགས་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ དབུ་འཛུགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ནང་ ལས་གཡོག་བློན་པོ་དང་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ འབྲེལ་གཏོགས་འབད་འོང་ཟེར་ཨིན་པས།
ད་རེས་ གཞུང་གི་གནས་ཡུན་ཚང་ནི་ལུ་ དུས་ཚོད་གངམ་མེདཔ་ལས་ འཆར་གཞི་༡༡ པའི་ལས་སྣ་ཚུ་ བར་ཆད་ག་ནི་ཡང་མེད་པར་ རྩིས་སྤྲོད་འབད་དགོ་ཟེར་ བློན་པོ་ཉི་མ་སངས་རྒྱས་ཆེན་པོ་གིས་ བཤད་པའི་ཁར་ མ་གཞི་ ཁོ་ར་ ངལ་གསོ་ནང་སྡོད་རུང་ ལྷན་ཁག་གི་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་སྟེ་ ལཱ་འབད་ཚུ་ འབད་ཡི་ཟེར་བཤདཔ་ཨིན་པས།
བློན་པོ་གིས་ ངན་ལྷད་ཀྱི་ ཁ་ཉེས་བཀལ་མིའི་སྐོར་ ག་ནི་ཡང་ སླབ་མ་བཏུབ་ཨིན་རུང་ ཉོགས་བཤད་ཐོན་པའི་སྐབས་ ཁོ་ར་ ཁས་བླངས་ཐོག་ལས་ ངལ་གསོ་ནང་ སྡོད་ཡོདཔ་བཞིན་དུ་ ད་ལྟོ་ ཞིབ་དཔྱད་དེ་ མཇུག་མ་བསྡུ་བར་ཡོད་ཟེར་ བཤདཔ་ཨིན་པས།
གཞུང་གིས་ སྤྱི་ཟླ་དང་པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ལས་གཡོག་ལྷན་ཁག་གི་ སྦྱོང་བརྡར་ལས་རིམ་ཚུ་ནང་ ངན་ལྷད་ཀྱི་ ཉོགས་བཤད་བཀོད་མི་ཚུ་ལུ་ དེ་འཕྲོ་ལས་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོ་པའི་ ཞུ་བ་འབད་ནུག།
དེ་ཡང་ ལས་གཡོག་ལྷན་ཁག་གིས་ སྦྱོང་བརྡར་ཚུ་གི་ནང་ལས་ དམིགས་བསལ་དུ་ རྒྱ་གར་དང་ ཇ་པཱན་ལུ་ སྦྱོང་བརྡར་དང་འབྲེལ་བའི་ ཁག་འབག་སྤྲོད་མི་ཚུ་ནང་ ངན་ལྷད་དང་ མགུ་མཐུད་རྐྱབ་སྟེ་ གྱོས་ངན་འཐབ་པའི་ འོས་འབབ་འོང་སྲིད་ནི་ཨིན་པའི་སྐོར་ བློན་ཆེན་ཡིག་ཚང་ནང་ གཞུང་འབྲེལ་ཐོག་མིན་པའི་ ཉོགས་བཤད་མང་རབས་ཅིག་ ལྷོད་མི་ལུ་བརྟེན་ ལྷན་ཚོགས་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ བཀའ་རྒྱ་གནང་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕྱིལ་རྒྱལ་སྦྱོང་བརྡར་ལས་རིམ་ཚུ་གི་སྐོར་ ད་ལྟོ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ལས་ ནམ་མཇུག་བསྡུ་འོང་ག་སླབ་མི་ཚུགས་ཟེར་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཇ་པཱན་གྱི་ སྦྱོང་བརྡར་དང་འབྲེལ་བའི་ ལས་རིམ་ལུ་ ཞིབ་དཔྱད་རྐྱབ་ཚར་ཡོད་རུང་ ན་གཞོན་ཚུ་ ལཱ་གཡོག་འབད་བར་ རྒྱ་གར་ལུ་བཏང་མིའི་ ཉོགས་བཤད་སྐོར་ ད་ལྟོ་ འགོ་མ་བཙུགས་པར་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *