ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ།

ལས་གཡོག་བློན་པོ་གིས་ ལོ་ཚད་ལུ་ གཞི་བཟུང་ནི་མི་འོང་ཟེར་བཤད་ཡོདཔ།

༉ སྐྱེས་ལོ་༣༢ ལང་མི་ ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་དེ་ རྒྱལ་ཁབ་ཀྱི་ རྒྱལ་རབས་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གཞོན་ཤོས་ཅིག་སྦེ་ ཚུདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ ལོ་ན་ཚོད་འབད་རུང་ གཞོན་ཤོས་ཅིག་ཨིན་རུང་ བློན་པོའི་འགན་འཁྲི་འབག་ནི་གི་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་སྟེ་ཡོད་པའི་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གདམ་ཐོ་ནང་ ཚུད་ནི་གི་ རེ་བ་མ་བསྐྱེད་ཟེར་ཨིན་པས།
ཨིན་རུང་ གདོང་ལེན་གསརཔ་ཚུ་ ལེན་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ ལས་གཡོག་བློན་པོ་གིས་ བཤད་པའི་ཁར་ ཁོ་བཟུམ་མའི་ ན་གཞོན་ཚུ་གིས་ སྣུམ་འཁོར་ཉོ་ཐོག་ལས་ གཏང་ནི་གི་ རེ་བ་ཡོད་རུང་ ཁོ་ལུ་ སྣུམ་འཁོར་མེད་པའི་ཁར་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ཡང་མེད་ཟེར་ བཤདཔ་ཨིན་པས།
སྣུམ་འཁོར་ཉོ་མ་ཚུགསཔ་ལས་ ཆོག་ཐམ་བཟོ་སྟེ་ ག་ཅི་འབད་ནི་ཟེར་ བློན་པོ་ཨོ་རྒྱན་རྡོ་རྗེ་གིས་ བཤདཔ་མ་ཚད་ བཙག་འཐུའི་ སྐུལ་བསྒྲགས་སྐབས་ལུ་ཡང་ སྤྱིར་སྙོམས་འཛོམས་འདུ་ནང་ དུས་ཚོད་ཁར་ ལྷོད་ཚུགས་ནིའི་དོན་ལུ་ མང་ཤོས་ར་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གི་ སྣུམ་འཁོར་བོ་ལི་རོ་ཚུ་ནང་ རྒྱུན་འགྲུལ་འཐབ་ཅི་ཟེར་ བཤདཔ་ཨིན་པས།
ཉམ་ཆུང་དང་ འཇམ་ཏོང་ཏོ་སྦེ་ ཁ་སླབ་མི་ ལས་གཡོག་བློན་པོ་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ལས་ ཨང་དང་པ་ ཐོན་པའི་ཤུལ་ལས་ ཕྱི་འབྲེལ་ལྷན་ཁག་ནང་ ཕྱག་ཞུ་ནུག།
བློན་པོ་ཨོ་རྒྱན་རྡོ་རྗེ་གི་ ལཱ་གཡོག་དེ་ཡང་ འབྲུག་གི་སྒེར་སྡེ་གསར་ཤོག་ འབྲུག་དུས་ཚོད་དང་ དཱ་ཇོར་ན་ལིསིཊ་ནང་ གནས་ཚུལ་བསྡུ་བཀོདཔ་སྦེ་ འགོ་བཙུགས་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་མ་རྐྱབ་པའི་ཧེ་མར་ ས་གནས་གཞུང་གི་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༦ ལས་ར་ བཙག་འཐུ་ལས་གྲུབ་པའི་ འཐུས་མི་ཅིག་སྦེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་གི་ རེ་བ་བསྐྱེད་ཡོདཔ་བཞིན་དུ་ མང་ཤོས་ཅིག་གིས་ སྐྱེས་ལོ་༣༢ ལང་མི་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གོ་གནས་བྱིན་ཡོད་མིའི་སྐོར་ དྲི་བཀོད་འབད་མིའི་ཐད་ལུ་ རྒྱལ་ཁབ་གཞན་ཚུ་ནང་ ཁོ་ལས་གཞོནམ་ཚུ་གིས་ བློན་པོ་འབད་དེ་འདུག་ཟེར་ བཤདཔ་ཨིན་པས།
ཁོ་རའི་ ལོ་ཚད་ལུ་ དབྱེ་བ་ཕྱེ་ནི་ མི་འོང་ཟེར་ བློན་པོ་གིས་ བཤད་པའི་ཁར་ འབྲུག་ལུ་ ལོ་༡༠༠ ལང་མི་ བློན་པོ་ཡང་ འཐོན་སྲིད་ཟེར་ཨིནམ་ད་ བློན་པོ་ཁོ་ར་ མི་མང་སྲིད་བྱུས་ཀྱི་ གཞི་རྟེན་ཡོདཔ་ལས་ ལྷན་ཁག་ནང་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
བློན་པོ་ཨོ་རྒྱན་རྡོ་རྗེ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ལཱ་གཡོག་དང་ མི་ཚེ་ཡར་དྲག་གཏང་ནིའི་ ལས་འཆར་ཚུ་ཡོདཔ་ལས་ ཁོང་གིས་ ལྷན་ཁག་ནང་ འགྱུར་བ་སྦོམ་ཅིག་ འབག་མ་ཚུགས་རུང་ མི་སྡེའི་ནང་ ཡར་དྲག་གཏང་ཚུགས་ཟེར་ཨིནམ་ད་ ལོ་ལྔའི་ནང་འཁོད་ལུ་ གཞུང་གིས་ ལཱ་གཡོག་དང་འབྲེལ་བའི་ དཀའ་ངལ་ཚུ་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
ལས་གཡོག་བློན་པོ་གིས་འབད་བ་ཅིན་ ས་གོ་དེ་བཟུམ་ནང་ བསྐོ་བཞག་གནང་མི་ལུ་ བཀྲིན་དགའ་ཚོར་ཡོདཔ་བཞིན་དུ་ འབྲུག་རྒྱལ་པོ་མཆོག་དང་ རྒྱལ་ཁབ་ དེ་ལས་ མི་སེར་ཚུ་ལུ་ ཕྱག་ཕྱིད་གང་དྲག་ ཞུ་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་འོང་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *