ལའུ་རི་ལུ་ ཐོག་ཚད་༢ འབད་མི་ཁྱིམ་ འཚིགས་མི་དེ་ མེ་སྤར་ཡོད་པའི་དོགས་པ།

༉ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ ཕ་ཇོ་དགོན་པ་ལུ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ ཐལ་བར་བརླགས་བཏང་མི་དེ་ མི་གིས་ མེ་སྤར་བའི་ དོགས་པ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་འདུག།
སྐྱེས་ལོ་༦༡ ལང་མི་ ཉམས་རྒུདཔ་མཚམས་པ་ ངག་དབང་ཤེས་རབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རང་ཟླ་༦ པའི་ཚེས་༤ ལུ་ ཚོགས་འཁོར་བསྐོར་ནི་དང་ སྨྱུང་གནས་ཆ་༢ བཟུང་ནིའི་དོན་ལུ་ གནས་ཚང་དང་ ཨ་ལོ་ཚུ་ཁྱིད་དེ་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཁོ་ར་ མཚམས་བཅད་སའི་ དགོན་པ་ལུ་ སོང་ཡི་ཟེར་ཨིན་པས།
བྱུང་རྐྱེན་དེ་ སྤྱི་ཟླ་༧ པའི་ཚེས་༢༦ གི་ ནུབ་མོའི་ཆུ་ཚོད་༩ དང་༡༠ གྱི་བར་ན་ བྱུང་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་འབད་བ་ཅིན་ ཁ་ཤ་སྟེང་གཡུས་ཚན་གྱི་ མི་ཚུ་གིས་ མེ་འབར་སར་ མཐོང་པའི་ཤུལ་ལས་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ འགྲུལ་འཕྲིན་བཏང་དེས་ཟེར་ཨིནམ་ད་ ཁོ་ར་ དགོན་པ་ལུ་ འགྱོ་བའི་སྐབས་ མེ་ལེགས་ཤོམ་སྦེ་ བསད་ཡོདཔ་མ་ཚད་ དཀར་མེ་༡ ཡང་ མ་ཕུལ་བར་ བཞག་ཡོདཔ་ལས་ མེ་རྐྱེན་བྱུང་དགོཔ་ར་མེདཔ་ལས་ མི་གཞན་གྱིས་ སྤར་ཡོད་པའི་ དོགས་པ་ཡོད་ཟེར་ བཤདཔ་ཨིན་པས།
མེ་རྐྱེན་གྱིས་ རྒྱུ་དངོས་ཚུ་ག་ར་ འཚིགས་ཡོདཔ་ད་ མཚམས་པ་ངག་དབང་ཤེས་རབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཁྱིམ་དེ་ནང་ དངུལ་རྐྱང་༥༠,༠༠༠ དང་ གཡང་སྦེ་བཞག་མི་ དངུལ་ཀྲམ་༢༠,༠༠༠ དེ་ལས་ སྒོམ་ཆེན་ཚུ་གི་ དངུལ་ཀྲམ་༦༠,༠༠༠ ལྷགཔ་ཅིག་ཡོད་པའི་ཁར་ དང་ཕུའི་དངུལ་གྱི་ཏིག་རྐྱང་དང་ དངུལ་ཀེ་ཇི་༡ དེ་ལས་ ཆོས་འབུམ་དང་ ཅ་ཆས་གཞན་ཚུ་ཡང་ འཚིགས་སོ་ནུག་ཟེར་ཨིན་པས།
མ་གཞི་ ཁོ་གི་ ཁྱིམ་འཚིགས་སར་ ཁྱིམ་ཚང་དག་པ་ཅིག་ཡོད་རུང་ མང་ཤོས་ར་ ས་གནས་ཁག་སོ་སོ་ལས་ཕར་ ལཱ་འབདཝ་མ་ཚད་ ལ་ལོ་ཅིག་ གནས་སྤོ་སོང་མི་ལུ་བརྟེན་ རྐྱེན་ངན་བྱུངམ་ད་ མི་ག་ཡང་མེདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཇོ་མོ་གཙང་ཁའི་ ཁྲིམས་སྲུང་འགག་པ་གིས་ མེ་རྐྱེན་བྱུང་སའི་ ས་ཁོངས་ནང་ ཞིབ་དཔྱད་རྐྱབ་ད་ ཁྱིམ་གྱི་ཕྱི་ཁར་ མེ་གིས་ དུམ་གྲ་ཅིག་འཚིགས་མི་ བརྒྱ་ལོར་དང་ ཐབ་ཚང་ནང་ཡོད་མི་ ལ་ཝང་དེ་ཡང་ ཁྱིམ་གྱི་ཕྱི་ཁར་ བསང་ཕོར་གྱི་ ཉེ་འདབས་ལས་ ཐོབ་ཡོདཔ་མ་ཚད་ མི་བྱོག་སོང་བའི་ རྐང་རྗེས་ཚུ་ཡང་ མཐོང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་གིས་ སླབ་མིའི་ནང་ དངུལ་རྐྱང་དེ་ཚུ་ག་ར་ སྒྲོམ་ནང་ཉེན་སྲུང་ཐོག་ བཞག་ཡོདཔ་མ་ཚད་ ལ་ཝང་དེ་ཡང་ ཐབ་ཚང་ནང་ བཞག་ཡོད་མི་ལུ་བརྟེན་ ཕྱི་ཁར་ལྷོད་དགོཔ་མེདཔ་ལས་ མེ་དེ་ མི་གིས་ར་ སྤར་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
དེ་གིས་མ་དོ་བར་ ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་ རྒྱབ་ཐལ་བའི་ཤུལ་ལུ་ ཉམས་རྒུད་པ་གིས་ ཁྱིམ་གྱི་འོག་ལས་ པེ་ཊོལ་མར་ཁུའི་ དམ་སྦྱིས་ཅིག་ ཐོབ་ཡོད་མི་ལུ་བརྟེན་ རྒཔོ་དང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ མཚམས་པ་ངག་དབང་ཤེས་རབ་ཀྱིས་ བཤདཔ་ཨིན་པས།
ཁྱིམ་དེ་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༥༦༠ རེ་ ཉེན་བཅོལ་འབད་དེ་ཡོད་རུང་ འབྲེལ་ཡོད་ཉེན་བཅོལ་འགོ་དཔོན་ ག་ཡང་མ་ལྷོད་རུང་ གཞུང་ལས་ གདན་མལ་ཆ་དང་ ཐབ་ཆས་ལ་སོགས་པ་ཚུ་ ཐོབ་ཅི་ཟེར་ ཁོ་གིས་ བཤད་ཡོདཔ་ད་ ད་ལྟོ་ ཁོང་བཟའ་ཚང་ཚུ་ དམངས་ཀྱི་ལྷ་ཁང་ནང་ སྡོད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བྱུང་རྐྱེན་དེ་ལུ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ག་ནི་ཡང་ སླབ་མི་ཚུགས་ཟེར་ སླབ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *