རྩི་ནག་མ་གཏང་པར་ལུས་མི་ ལའུ་རི་རྒེད་འོག་གི་ སྣུམ་འཁོར་ལམ།

ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ་ གནས་སྟངས་ཐོག་ལུ་མེདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ ལའུ་རི་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ རྒེད་འོག་དང་ མཐུད་སྦྲེལ་འབད་དེ་ ལོ་༣ དེ་ཅིག་སོང་རུང་ ད་ལྟོའི་བར་ན་ཡང་ རྩི་ནག་གཏང་མ་ཚུགས་པར་ ཡོད་མི་ལུ་བརྟེན་ འཁོལ་ལམ་དེ་ཁར་ལས་ འགྲོ་འགྲུལ་འབད་མི་ཚུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

ལའུ་རི་ལས་ ཚེ་རིང་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་དེ་ རྩི་ནག་མ་གཏང་པར་ ཡོད་མི་དེ་གིས་ འཁོར་ལམ་གྱི་ གནས་སྟངས་ཡང་ ལེགས་ཤོམ་མེདཔ་ལས་ དེ་ཁ་ལས་ འགྲོ་འགྲུལ་འབད་བའི་སྐབས་ སྣུམ་འཁོར་ཚུ་ཡང་ མེདཔ་ཐལ་དོ་ཡོད་པའི་ དཀའ་ངལ་ཚུ་ ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དུས་རྒྱུན་དུ་ ལའུ་རི་ལས་ ཇོ་མོ་གཙང་ཁ་ལུ་ འགྲོ་འགྲུལ་འབད་དོ་ཟེར་ཨིནམ་ད་ སྣུམ་འཁོར་ལུ་བརྟེན་ འོང་འབབ་དུམ་གྲ་རེ་ བཟོ་ཚུགས་དོ་ཡོད་རུང་ སྣུམ་འཁོར་བཅོ་ཁ་རྐྱབ་ནི་ལུ་ཡང་ མི་ལང་དོ་ཡོདཔ་ལས་ རྫོང་ཁག་ནང་ རྒེད་འོག་ལེགས་ཤོམ་གཞན་མིའི་ འཁོར་ལམ་ཚུ་ རྩི་ནག་བཏང་ཡོད་རུང་ ལའུ་རི་རྒེད་འོག་གི་ འཁོར་ལམ་དེ་ ག་དེ་སྦེ་ ལུས་སོཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།

ལུང་བསྟན་ཚེ་རིང་གིས་ སླབ་མིའི་ནང་ ཁོ་ལུ་ཡང་ སྣུམ་འཁོར་བོ་ལེ་རོ་ཅིག་ཡོད་རུང་ འཁོར་ལམ་གྱི་ གནས་སྟངས་དེ་ ལེགས་ཤོམ་མེདཔ་ལས་ འགྲོ་འགྲུལ་འབད་ནི་ལུ་ དཀའ་ངལ་འདུག་ཟེར་ཨིནམ་ད་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ འདམ་རྫབ་ནང་ སྣུམ་འཁོར་ཚུ་ འགྱེལ་ཏ་རྐྱབ་དོ་ཡོད་མི་ལུ་བརྟེན་ ཉེན་ཁ་འདུག་ཟེར་ཨིན་པས།

སངས་རྒྱས་སྒོམ་ཕུག་གིས་ སླབ་མིའི་ནང་ འཕྲལ་འཕྲལ་མི་ནདཔ་རེ་ཐོན་ཏེ་ ཇོ་མོ་གཙང་ཁ་དྲུང་ཁག་གི་ གཞི་རྟེན་སྨན་ཁང་སྡེ་རིམ་༡ པ་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་སྨན་ཁང་ནང་ བསྐྱལ་དགོཔ་འཐོན་པའི་སྐབས་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེདཔ་ལས་ གདོང་ལེན་ཡོདཔ་ལས་ རྩི་ནག་གཏང་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ལའུ་རི་རྒེད་འོག་ལས་ ཇོ་མོ་གཙང་ཁ་ཚུན་ ཀི་ལོ་མི་ཊར་༥༩ དེ་ཅིག་ལས་མེད་རུང་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ལུ་ འཐུས་དངུལ་ཀྲམ་༣༥༠ དང་ ལོག་འོང་པའི་སྐབས་ དངུལ་ཀྲམ་༣༥༠ བརྩིས་ཏེ་ བསྡོམས་དངུལ་ཀྲམ་༧༠༠ དེ་ཅིག་ སྤྲོད་དགོཔ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ རྩི་ནག་གཏང་པ་ཅིན་ འཐུས་ཚུ་ཡང་ མར་ཕབ་འབད་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ལའུ་རི་དམངས་མི་ ནོར་བཟང་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་གི་ འཁོར་ལམ་དེ་ སྤྱི་ལོ་༢༠༡༥ ཟླ་༡༡ པའི་ནང་ ལྷོད་ཅི་ཟེར་ཨིནམ་ད་ འོག་ཐོག་ལུ་ འཁོར་ལམ་གྱི་ གཞི་འགྱམ་ལེགས་ཤོམ་ ཚུད་ཐབས་ལུ་ རྩི་ནག་གི་ རེ་བ་མ་བསྐྱེད་མི་དེ་ཡང་ གཞི་འགྱམ་ལེགས་ཤོམ་མ་ཚུད་པར་ རྩི་ནག་གཏང་པ་ཅིན་ ལོག་ལོག་ཅི་ར་ གཏང་དགོཔ་འཐོན་སྲིད་ནི་ ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རེས་ གཞི་འགྱམ་ལེགས་ཤོམ་ཚུད་ཡོདཔ་ལས་ འདས་པའི་གཞུང་གི་སྐབས་ རྩི་ནག་གཏང་ནིའི་ རེ་བ་སྦོམ་ བསྐྱེད་ཅི་ཟེར་ཨིན་རུང་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ གཏང་མ་ཚུགསཔ་ འོང་ནི་མས་ཟེར་ཨིནམ་ད་ ཇོ་མོ་གཙང་ཁ་ལས་ གསེར་ཐིག་རྒེད་འོག་ཚུན་ རྩི་ནག་བཏང་ཡོད་རུང་ གསེར་ཐིག་ལས་ ལའུ་རི་ཚུན་ ཀི་ལོ་མི་ཊར་༣༧ དེ་ཅིག་ མ་གཏང་པར་ ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ གཞུང་གསརཔ་གིས་ ལོ་དང་པའི་ནང་ གཏང་མ་ཚུགས་རུང་ ལོ་ངོ་༢ པའི་ནང་ གཏང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ འཁོར་ལམ་དེ་ རྩི་ནག་གཏང་པ་ཅིན་ རྒེད་འོག་ནང་ ཁྱིམ་གུང་པ་༥༨༠ དེ་ཅིག་དང་ སློབ་གྲྭ་༣ གཞི་རྟེན་སྨན་ཁང་༢ དེ་ལས་ ཚོང་ཁང་དང་ སོ་ནམ་འགོ་དཔོན་ལ་སོགས་པའི་ ཡིག་ཚང་ཡོད་མི་ག་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

རྒེད་འོག་འགོ་ཁྲིདཔ་ཚུ་ མི་རྩིས་དང་ ས་ཁྲམ་ལ་སོགས་པའི་དོན་ལུ་ ཟླཝ་༡ ནང་ ཚར་༢ དང་༣ དེ་རེ་ ཇོ་མོ་གཙང་ཁ་ལུ་ འགྱོ་དགོཔ་འཐོན་དོ་ཡོདཔ་ད་ འཁོར་ལམ་དེ་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ འགྲོ་འགྲུལ་འབད་དགོཔ་བཞིན་དུ་ རྩི་ནག་གཏང་པ་ཅིན་ འགྲོ་འགྲུལ་གྱི་དུས་ཡུན་ ཆུ་ཚོད་༡ དེ་ཅིག་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།

དམངས་མི་གིས་ སླབ་མིའི་ནང་ གནད་དོན་དེ་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུའི་ནང་ གྲོས་འཆར་མ་བཙུགས་ཟེར་ཨིན་རུང་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ རྩིས་ལོ་༢༠༡༨-༡༩ འི་ནང་ རྩི་ནག་གཏང་ནིའི་ འཆར་གཞི་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་རུང་ རྩིས་ལོ་དེ་ མཇུག་བསྡུ་ནི་གུ་ལྷོད་རུང་ རྩི་ནག་གཏང་མ་ཚུགས་ཟེར་ཨིན་པས།

ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འཁོར་ལམ་དེ་ རྩི་ནག་གཏང་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ ས་ཡ་༡༠༠ ལྷགཔ་ཅིག་ གནས་ནི་ཨིནམ་ལས་ ལས་ཁུངས་ཀྱིས་ མ་དངུལ་གྱི་དོན་ལས་ གཞུང་གསརཔ་ལུ་ གྲོས་འཆར་ཚུ་ བཙུགས་ནི་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལུ་ རྒེད་འོག་༡༡ ཡོད་མིའི་གྲས་ལས་ བདེ་བ་ཐང་དང་ བསམ་རང་ དེ་ལས་ ལའུ་རི་རྒེད་འོག་༣ གྱི་ འཁོར་ལམ་རྐྱངམ་གཅིག་ རྩི་ནག་མ་གཏང་པར་ ལུས་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *