༉ སྤྱི་ལོ་༢༠༠༥ ལས་༢༠༡༧ གྱི་བར་ན་ གནས་ཐོ་བཞག་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ལམ་འགྲུལ་དང་འབྲེལ་བའི་ རྐྱེན་ངན་༡,༠༠༠ དེ་རེ་ བྱུངམ་ཨིན་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ བསམ་བརྗོད་ལས་འདས་པའི་ སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་འགྱོ་མི་དང་བསྟུན་ ཉིནམ་རེ་ལུ་ ཉུང་ཤོས་ར་ སྣུམ་འཁོར་༣ དེ་རེ་ལུ་ ཐུག་རྐྱེན་བྱུང་དོ་ཡོདཔ་ད་ འདས་པའི་ལོ་ངོ་༡༢ ཀྱི་རིང་ལུ་ སྣུམ་འཁོར་གྱི་ ཐུག་རྐྱེན་དང་ རྦོབ་རིལ་སོང་མི་ལུ་བརྟེན་ ལོ་རེ་ནང་ མི་༨༠ དེ་ཅིག་ལུ་ ཤི་རྐྱེན་དང་༤༦༨ ལུ་ རྨ་སྐྱོན་བྱུང་ནུག།
འདས་པའི་བདུན་མཐའི་སྐབས་ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་བའི་ རྐྱེན་ངན་ནང་ མི་༥ ལུ་ ཤི་རྐྱེན་དང་༢༢ ལུ་ གནོད་སྐྱོན་བྱུང་ཡོདཔ་ལས་ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ ཀྲོང་གསར་ལུ་ བོ་ལི་རོ་ཅིག་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་ལས་ ཨ་ལོ་༦ གི་ཨ་པ་དེ་ ཁ་འཐུམ་མར་ བསད་ད་ནུག།
རྒྱལ་ཡོངས་སྐྱེལ་འདྲེན་སྲིད་བྱུས་ཟིན་བྲིས་དང་འཁྲིལཝ་ད་ འབྲུག་གི་འཁོར་ལམ་བདའ་སྟེ་ སྣུམ་འཁོར་༡༠,༠༠༠ ལས་ མི་༡༣ ལུ་ ཤི་རྐྱེན་བྱུང་མི་དེ་ ལྷོ་ཨེ་ཤི་ཡ་ལུ་ མཐོ་ཤོས་ཅིག་སྦེ་ར་ གནས་ཏེ་ཡོདཔ་ད་ དུས་ཡུན་ཆུ་ཚོད་རེ་ནང་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་གསརཔ་རེ་ ཐོནམ་བཞིན་དུ་ དུས་ཅི་ སྤྱི་ཟླ་༤ པ་ཚུན་ཚོད་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༩༤,༩༥༦ ཡོད་པའི་ ཐོ་བཀོད་འབད་མི་དེ་ འབྲུག་པའི་མི་འབོར་༧༠༠,༠༠༠ དེ་ཅིག་ཡོད་མི་དེ་ དཔྱ་བགོ་རྐྱབ་པ་ཅིན་ མི་༧ ལུ་ སྣུམ་འཁོར་རེ་ཡོད་པའི་ གསལ་སྟོན་འབདཝ་མས།
བློན་ཆེན་གྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ནང་ འཆར་གཞི་༡༡ པའི་ནང་ བཀོལ་སྤྱོད་སྣུམ་འཁོར་༨,༠༠༠ ནང་འདྲེན་འབད་ཡོདཔ་མ་ཚད་ སྣུམ་འཁོར་བདག་དབང་འབད་མི་དེ་ གྲོང་གསེབ་གཡུས་ཚན་ཚུ་ནང་ གོང་འཕེལ་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཤད་ནུག།
མ་གཞི་ སྣུམ་འཁོར་བདག་དབང་འབད་མི་དེ་ རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ར་འབད་རུང་ ཅོག་འཐདཔ་ཨིན་རུང་ ང་བཅས་རའི་ མི་ལེ་ཤ་ཅིག་ར་ སྣུམ་འཁོར་གྱི་ ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་དང་ རེ་ཚེ་སྐབས་ དེད་གཡོགཔ་ཚུ་ལུ་ ཆོག་ཐམ་མེད་པར་ སྣུམ་འཁོར་བཏང་མི་དེ་གིས་ མིའི་ཚེ་སྲོག་ལུ་ གནོད་ཉེན་སྦོམ་ བྱུངམ་ཨིན་མས།
སྤྱི་ལོ་༢༠༡༡ དང་༢༠༡༦ གི་བར་ན་ ལམ་འགྲུལ་དང་འབྲེལ་བའི་ གནོད་འགེལ་འབད་བའི་ བརྟག་ཞིབ་ཅིག་འབདཝ་ད་ རྒྱལ་ཁབ་ནང་ ལམ་འགྲུལ་གྱི་ གནོད་འགེལ་བརྒྱ་ཆ་༤༣ ལྷགཔ་ཅིག་ སྣུམ་འཁོར་བཏང་པའི་སྐབས་ འགྲུལ་འཕྲིན་ལག་ལེན་དང་ ཆང་འཐུང་སྟེ་གཏང་ནི་ ཤུགས་ཚད་ལས་བརྒལ་གཏང་ནི་ ཞིབ་དཔྱད་སྐབས་ སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་མེད་མི་ དེ་ལས་ ཚུལ་མཐུན་མེད་པའི་ ཐོ་བཀོད་ལག་ཁྱེར་ཚུ་ལུ་བརྟེན་ཨིན་པའི་ མངོན་གསལ་བྱུང་ནུག།
སྣུམ་འཁོར་གྱི་ ཐུག་རྐྱེན་ལུ་བརྟེན་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་ཚུ་གིས་ བཟའ་ཚང་རྐྱངམ་གཅིག་ལུ་ དཀའ་སྡུག་དང་ མྱ་ངན་ཕོག་བཅུག་མི་གིས་མ་དོ་བར་ གསོ་བའི་ལམ་ལུགས་ལུ་ཡང་ གྱོང་རྒུད་དང་ འབྱེམ་ཐེབས་ཕོག་བཅུག་དོ་ཡོདཔ་ད་ ལོ་བསྟར་གསོ་བའི་དུས་དེབ་༢༠༡༧ ཅན་མ་དང་འཁྲིལཝ་ད་ སྐྱེལ་འདྲེན་དང་འབྲེལ་བའི་ ཐུག་རྐྱེན་ཚུ་ནང་ རྨ་སྐྱོན་དང་ ནདཔ་བཏོན་མི་༡,༨༡༤ སྨན་བཅོས་འབད་བར་ སྨན་ཁང་ནང་ ལྷོད་ཡོད་མི་ལས་སྐྱེས་ལོ་༡༥ ལས་༤༩ འི་བར་ན་འབད་མི་༩༨༥ ཡོད་མི་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ དེ་ནང་ལས་༢༠༩ སྐྱེས་ལོ་༡ ལས་༡༤ པའི་བར་ན་འབད་མི་ཚུ་ཨིན་མས།
སྣུམ་འཁོར་ཐུག་རྐྱེན་བྱུང་མི་ཚུ་ སྔོན་འགོག་འབད་ཚུགས་ནི་ཨིནམ་མ་ཚད་ ལམ་འགྲུལ་འབད་མི་ཚུ་ལུ་ ལམ་འགྲུལ་གྱི་ གནོད་འགེལ་ཚུ་གི་སྐོར་ གོ་བརྡ་ཚུ་ དུས་དང་དུས་སུ་ སྤྲོད་པ་ཅིན་ རྐྱེན་ངན་ཚུ་ མར་ཕབ་འབད་ཚུགས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེ་ལ་སོགས་པའི་ ལམ་འགྲུལ་ལྟ་རྟོག་འབད་མི་ ལས་སྡེ་ཚུ་གིས་ ལམ་འགྲུལ་ཉེན་སྲུང་དང་འབྲེལ་བའི་ ཞིབ་དཔྱད་ཚུ་ དུས་རྒྱུན་དུ་ འབད་དགོཔ་བཞིན་དུ་ ལམ་འགྲུལ་ཉེན་སྲུང་དེ་ར་ མིའི་ཚེ་སྲོག་ཉེན་སྐྱོབ་འབད་ནི་དེ་ཨིནམ་ལས་ དེ་ལུ་ དྲན་ཤེས་ཐེབས་བཏོན་ཐོག་ལས་ ཐུག་རྐྱེན་ཚུ་ སྔོན་འགོག་འབད་ནི་དེ་གལ་ཆེ།
Check Also
ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།
༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …