ལམ་འགྲུལ་གྱི་ ཡིག་ཆ་ཚུ་ བཟོ་ནི་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ལྷན་ཐབས་འབད་དགོཔ།

༉ གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ སྔོན་འགོག་དང་འབྲེལ་བའི་ བཀག་འཛིན་འབད་ཡོད་མི་ཚུ་ ཡངས་ཆག་བཏང་ཡོད་རུང་ རྒྱ་གར་གྱི་ གཞུང་ལམ་ཚུ་བདའ་སྟེ་ འགྲོ་འགྲུལ་འཐབ་པའི་སྐབས་ སྐྱེལ་མའི་ཞབས་ཏོག་ལེན་ཐོག་ རྒྱུན་འགྲུལ་འཐབ་དགོ་པས་ཟེར་ཞུ་ནི།

བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་བཟུམ་མའི་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ནང་འཁོད་ཀྱི་ འཁོར་ལམ་མཐུད་སྦྲེལ་མེདཔ་ལས་ ཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་དགོཔ་བཞིན་དུ་ བདེ་སྲུངཔ་ཚུ་གིས་ སྐྱེལ་མའི་ཞབས་ཏོག་བྱིན་མི་དེ་གིས་ ཕན་ཐོགས་སྦོམ་ འདུག་ཟེར་ཞུ་ནི།

རྒྱ་གར་གྱི་ གཞུང་ལམ་ཚུ་བདའ་སྟེ་ རྒྱུན་འགྲུལ་འཐབ་ནིའི་དོན་ལུ་ ཉིནམ་༡ གི་ ཧེ་མ་ལས་ར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་གཅིག་ཁར་ རང་སོའི་ཁ་གསལ་ཚུ་དང་སྦྲགས་ ཐོ་བཀོད་འབད་དགོ་པས་ཟེར་ཞུ་ནི།

དེ་འབདཝ་ད་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ནང་བཟུམ་ཅིག་འབད་བ་ཅིན་ ཚད་འཛིན་ཁང་ནང་ཡོད་མི་ བདེ་སྲུངཔ་ཚུ་གིས་ ཐོ་བཀོད་འབདཝ་མ་ཚད་ ཁྲིམས་སྲུང་འགག་པ་དང་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ སྟོན་ནིའི་དོན་ལུ་ རང་གིས་ར་ ཡིག་ཆའི་འདྲ་ཚུ་ བཟོ་དགོ་པའི་ དཀའ་ངལ་འདུག་ཟེར་ཞུ་ནི།

ལས་འཛིན་ཅིག་ནང་ ལཱ་འབད་མི་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ དཔེ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་ཚུ་ ཐོ་བཀོད་འབད་བའི་ཤུལ་ལས་ ས་མཚམས་ཞིབ་དཔྱད་སྒོ་ར་དང་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ སྟོན་ནིའི་དོན་ལུ་ ཡིག་ཆའི་འདྲ་ཚུ་ བཟོ་ཞིནམ་ལས་ སྐྱེལ་མ་འབད་མི་ བདེ་སྲུངཔ་ཚུ་ལུ་ སྤྲོདཔ་མས་ཟེར་ཨིན་པས།

ཨིན་རུང་ ཇོ་མོ་གཙང་ཁ་ལུ་འབད་བ་ཅིན་ བདེ་སྲུངཔ་ཚུ་གིས་ སྣུམ་འཁོར་ཚུ་ ཐོ་བཀོད་འབད་བའི་ཤུལ་ལས་ ཡིག་ཆའི་འདྲ་༤ དེ་ཅིག་ བཟོ་དགོཔ་ཡོད་མི་ཚུ་ ཚད་འཛིན་ཁང་གི་ ཡིག་ཆ་འདྲ་བཤུས་བཟོ་ནིའི་ འཕྲུལ་ཆས་དེ་ མེདཔ་ཡར་སི་ཟེར་སླབ་སྟེ་ ཁོང་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ཡང་ བཟོ་བཅུགཔ་མས་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ཚད་འཛིན་ཁང་ནང་ཡོད་མི་ བདེ་སྲུངཔ་ཚུ་ལུ་ ཡིག་ཆའི་འདྲ་ཚུ་ བཟོ་བཅུག་པའི་སྐབས་ དངུལ་ཀྲམ་༡༠༠ དེ་ཅིག་ ལེན་དོ་ཡོདཔ་བཞིན་དུ་ ཡིག་ཆའི་འདྲ་ཚུ་ རང་གིས་བཟོ་རུང་ ཇོ་མོ་གཙང་ཁ་ཁྲོམ་ཁར་ འདྲ་བཤུས་འཕྲུལ་ཆས་མེད་པའི་ གདོང་ལེན་ཡོདཔ་སྦེ་ ཀུན་ལེགས་དབང་ཕྱུག་གིས་ བཤདཔ་མས་ཟེར་ཞུ་ནི།

ཚད་འཛིན་ཁང་གི་ འགོ་དཔོན་ཚུ་གིས་ འཕྲུལ་ཆས་མེདཔ་ཐལ་སོ་ཡི་ཟེར་ སླབ་དོ་ཡོད་མི་དེ་ ལོ་ལེ་ཤ་ལང་ཡོདཔ་ལས་ གནད་དོན་གསརཔ་ཅིག་ མེནམ་བཞིན་དུ་ ག་དེམ་ཅིག་སྦེ་ འཕྲུལ་ཆས་དེ་ མེདཔ་ཐལ་ཡོད་རུང་ ཉམས་བཅོས་འབད་ནིའི་ དུས་ཚོད་རན་ཅི་ཟེར་ཞུ་ནི།

འབྲེལ་ཡོད་དབང་འཛིན་ཚུ་གིས་ སྐྱེལ་མའི་ཞབས་ཏོག་བྱིན་མི་དེ་ མི་སེར་ཚུ་གི་ མཐའ་དོན་ལུ་ཨིནམ་ལས་ ཡིག་ཆའི་འདྲ་བཟོ་ནི་ཡོད་མི་ཚུ་ བསམ་གྲུབ་ལྗོངས་མཁར་བཟུམ་སྦེ་ འགོ་དཔོན་ཚུ་གིས་ར་ བཟོ་དགོ་པའི་ཁར་ འདྲ་བཤུས་འཕྲུལ་ཆས་དེ་ཡང་ ཉམས་བཅོས་འབད་དེ་ ལཱ་འབད་བཏུབ་བཟོ་ནི་དེ་ ག་ནི་བ་ཁག་ཆེ་བས་ཟེར་ ཞུ་ནི་ཨིན།

དོན་གྲུབ་དབང་འདུས།

བསམ་གྲུབ་ལྗོངས་མཁར།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *