སྐྱེས་ལོ་༤༧ ལང་མི་ རྟ་མགྲིན་བུ་དར་གྱིས་ ཆུ་བཟེད་བཞག་པའི་བསྒང་།

ལབ་རྩ་ཁའི་ཆུ་རྐ་ཚུ་ སྐམ་འགྱོ་ནི་དེ་གིས་ ཆུ་མ་ལང་པའི་ དཀའ་ངལ་བྱུང་ཡོདཔ།

༉ སྤུ་ན་ཁ་ རྟ་ལོག་རྒེད་འོག་ གུང་ཁྲ་མོ་གཡུས་ཚན་ལས་ སྐྱེས་ལོ་༤༧ ལང་མི་ རྟ་མགྲིན་བུ་དར་གྱིས་ དུས་ཅི་འབདཝ་ད་ ཁྱིམ་ཚང་ཚུ་ལས་ ཆུ་ལྷང་འཐུང་སྟེ་ ལོ་༣ ལྷགཔ་ཅིག་ལང་ཡོདཔ་ད་ འཕྲལ་འཕྲལ་ཆུ་མེད་པར་ སྡོད་དགོཔ་ཡང་ ཐོན་དོ་ཡོདཔ་ཨིན་པས།
མོ་གིས་ ཆུ་ལྷང་དགོཔ་ཐོན་མི་དེ་ གཡུས་ཚན་དེའི་དོན་ལུ་ ཆུ་རྐ་ཅིག་ཡོད་མི་དེ་ ཧེ་མ་ལས་ བསྐམས་སོ་ནི་དེ་གིས་ཨིནམ་ད་ སོ་ནམ་པ་མང་ཤོས་ཅིག་གིས་ རྟ་མགྲིན་བུ་དར་བཟུམ་སྦེ་ ཁྱིམ་ཚང་ཚུ་ལས་ ཆུ་ལྷང་སྟེ་ འཐུང་དོ་ཡོདཔ་ཨིན་པས།
འཐུང་ཆུའི་རྐ་ རེ་གཉིས་ལས་བརྒལ་མེད་མི་དེ་ཡང་ ཁྱིམ་གྱི་ཉེ་འདབས་ལུ་ཡོད་མི་ འདམ་རྫབ་དང་ རྫིང་ཚུ་ཨིནམ་ད་ གནམ་དགུན་ལུ་ དེ་ཚུ་ཡང་ སྐམ་འགྱོ་བའི་སྐབས་ འཐུང་ཆུ་མེད་པར་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
ཨ་ལོ་༢ ཀྱི་ཨའི་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ཁྱིམ་ཚང་འབད་སར་ མགྱོནམ་ཚུ་ལྷོད་པའི་སྐབས་ ཆུ་ལྷང་པར་འགྱོ་ནི་ཡང་ གཡང་ཟཝ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཁྱིམ་གྱི་ལྟག་ལུ་ཡོད་པའི་ ཁྱིམ་ཚང་ཅིག་ལས་ ཆུ་ལྷང་འཐུང་མི་དེ་ ཤུལ་ལས་ བྱིན་མ་བཏུབ་ནི་དེ་གིས་ ད་ལྟོ་གཞན་ཅིག་ལས་ ལྷང་སྟེ་འཐུང་དོ་ཟེར་ཨིན་པས།
ད་རེས་ རྟ་ལོག་རྒེད་འོག་ ལབ་རྩ་ཁ་སྤྱི་འོག་གི་ ཁྱིམ་གུང་པ་༨༡ ལུ་ འཐུང་ཆུ་མེད་པའི་དཀའ་ངལ་ སྦོམ་ཡོད་མི་དེ་ ཆུ་རྐ་བསྐམས་སོ་པ་ལས་བརྟེན་ ཆུ་མཛོད་དང་ ཆུའི་ཀ་ལི་ཚུ་ག་ར་ སྟོངམ་སྦེ་ཡོདཔ་ལས་ མི་ཚུ་ཆརཔ་བཟེད་དེ་ འཐུང་དོ་ཡོད་རུང་ དགུན་གྱི་དུས་ཚོད་ལུ་ ཆརཔ་མེད་པའི་སྐབས་ དཀའ་ངལ་སྦོམ་ བྱུང་དོ་ཡོདཔ་ཨིན་པས།
རྟ་མགྲིན་བུ་དར་དང་ མོ་གི་ཁྱིམ་ཚང་ གུང་ཁྲ་མོ་གཡུས་ཚན་གྱི་ ཁྱིམ་གུང་པ་༡༣ གྱི་ སོ་ནམ་པ་ཚུ་ འདས་པའི་ལོ་དག་པ་ཅིག་གི་རིང་ དམ་ཕེ་མཇུག་ལུ་ཡོད་པའི་ ཆུ་རྫིང་ནང་ལས་ འཐེན་མི་ཆུ་དེ་ འཐུང་ཡོདཔ་ཨིན་རུང་ རྫིང་དེ་ཡང་བསྐམས་ཏེ་ ལོ་༡ ལྷག་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆུ་མེད་ནི་དེ་གིས་ གེ་ཟ་འཛུགས་སྐྱོང་འབད་མི་ཚུ་ཡང་ སྐམ་འགྱོ་དོ་ཡོདཔ་ལས་ གཡུས་ཚན་དེ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
གནམ་གཤིས་འགྱུར་བགྲོད་ཀྱི་གནོད་སྐྱོན།
ལབ་རྩ་ཁ་གཡུས་ཚན་ནང་ ཧེ་མ་འབད་བ་ཅིན་ ཆུ་རྫིང་དང་ འདམ་རྫབ་ དེ་ལས་ རོང་ཆུ་ཆུང་ཀུ་ལེ་ཤ་ཡོད་རུང་ ད་རེས་ མང་ཤོས་ཅིག་ར་ སྐམ་ཡོདཔ་ད་ གཡུས་མི་ཚུ་གིས་ སླབ་མིའི་ནང་ ཆུ་རྐ་ཚུ་ ག་ཅི་ལུ་བརྟེན་ སྐམ་འགྱོ་དོ་ཡོདཔ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
རྟ་ལོག་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ ཆུ་རྫིང་དང་ འདམ་རྫབ་ཚུ་ སྐམ་འགྱོ་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་དེ་ཡང་ ཉིམ་ཤུགས་སྦེ་ཤར་མི་དང་ ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་ལུ་བལྟ་བ་ཅིན་ འཛམ་གླིང་ཚ་དྲོད་ཡར་འཕར་གྱི་ གནོད་སྐྱོན་འོང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
དེ་ལུ་བརྟེན་ ཆུ་རྐ་བསྐམས་ཏེ་ ད་རེས་ རྒེད་འོག་གི་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ དཀའ་ངལ་སེལ་ནིའི་ ཐབས་ཤེས་ཅིག་ རྩ་ལས་བཏོན་མ་ཚུགས་ཟེར་ཨིན་པས།
གཡུས་མི་རྒན་རྒས་ཚུ་གིས་འབད་རུང་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ གནམ་གཤིས་ཀྱི་འགྱུར་བ་ སོང་ཡི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ གཡུས་མི་ཚུ་གིས་ ཆརཔ་དེ་ ལྕང་ལཱའི་དོན་ལུ་རྐྱངམ་གཅིག་མ་གཏོགས་ འཐུང་ནིའི་ཐད་ཁར་ དཀའ་ངལ་མེད་ཟེར་ཨིན་པས།
མ་གཞི་ འཐུང་ཆུ་སྐམ་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཨིན་ན་མེན་ནའི་སྐོར་ལས་ ཞིབ་འཚོལ་ལེགས་ཤོམ་ཅིག་ འབད་དེ་མེད་རུང་ བུམ་ཐང་ལུ་ཡོད་པའི་ ཨྱོན་དབང་ཕྱུག་རང་བཞིན་སྲུང་སྐྱོབ་སྤེལ་ཁང་གིས་ མོང་སྒར་རྫོང་ཁག་ནང་ ཆུ་རྐ་ཚུ་གི་སྐོར་ལས་ ཞིབ་འཚོལ་དུམ་གྲ་ཅིག་འབད་མིའི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྐྱེངས་མཁར་རྒེད་འོག་ནང་ ཆུ་རྫིང་༥ དེ་ཅིག་ སྐམ་འགྱོ་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
དེ་ལུ་བལྟ་བ་ཅིན་ རྟ་ལོག་རྒེད་འོག་ནང་ ཆུ་རྫིང་བསྐམས་མི་ཚུ་ཡང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་ཨིནམ་མ་ཚད་ གཡུས་མི་ཚུ་གིས་ སླབ་མི་དང་འཁྲིལ་རུང་ ཚད་དྲོད་ཡར་སེང་སོང་ནུག་ཟེར་ཨིན་པས།
འཐུང་ཆུ་སེལ་ནིའི་འོས་འབབ།
ལབ་རྩ་ཁ་གཡུས་ཚན་གྱི་དོན་ལུ་ རྟ་ལོག་རྒེད་འོག་བདག་སྐྱོང་གིས་ རྟ་མགོ་ལུངམ་ རོང་ཆུ་འཐེན་ནིའི་དཔའ་བཅམ་ཏེ་ ལོ་ལེ་ཤ་ལང་རུང་ ད་ལྟོའི་བར་ན་ཡང་ མཐར་འཁྱོལ་འབྱུང་མ་ཚུགས་པས།
དེ་ཡང་ རོང་ཆུ་དེ་ སྟོད་པའི་རྒེད་འོག་གི་ ས་ཁོངས་ནང་ལས་ བརྒྱུད་འགྱོ་ནི་དེ་གིས་ སྟོད་པའི་མི་ཚུ་གིས་ རོང་ཆུ་ལག་ལེན་འཐབ་ཆོག་པའི་ གནང་བ་བྱིན་མ་བཏུབ་པའི་ དཀའ་ངལ་ལུ་བརྟེན་ཨིན་པས།
རྟ་ལོག་རྒེད་འོག་བདག་སྐྱོང་གིས་ རྟ་མགོ་ལུངམ་རོང་ཆུ་ འཐེན་ནིའི་དོན་ལུ་ ཆུ་མཛོད་ཅིག་རྐྱབ་མི་དེ་ཡང་ སྟོད་པའི་མི་ཚུ་གིས་ བརྡལ་བཏང་མི་ལུ་བརྟེན་ ད་རེས་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་བསྒང་ ཡོདཔ་ཨིན་པས།
རྟ་ལོག་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ རྩོད་གཞི་དེ་ ཁྲིམས་ཀྱི་འདུན་སར་ཡོདཔ་ལས་ ཆུ་ཐོབ་མི་ཐོབ་ཀྱི་སྐོར་ལས་ ག་ནི་ཡང་ སླབ་མི་ཚུགས་ནི་མས་ཟེར་ཨིན་པས།
མ་གཞི་ ཆུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ འཐུང་ཆུ་རྩ་ལས་མེད་པའི་ས་ཁར་ ཞིང་ཆུ་དེ་ཡང་ འཐུང་ཆུ་སྦེ་ ལག་ལེན་འཐབ་ཆོག་ཟེར་ཨིནམ་ད་ ཆུ་དེ་ རྒྱལ་ཁམས་ཀྱི་རྒྱུ་དངོས་ཨིནམ་ལས་ ག་གིས་ཡང་ བདག་དབང་བཟུང་མ་ཆོགཔ་ཨིན་རུང་ ད་རེས་ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ བཅའ་ཁྲིམས་དེ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ གསུངས་མིའི་ནང་ མ་གཞི་ ཆུའི་བཅའ་ཁྲིམས་དེ་ནང་ ཆུ་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ ཁ་གསལ་སྦེ་ཡོད་རུང་ ད་ལྟོ་ བཅའ་ཁྲིམས་དེ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་མ་ཚུགས་མི་དེ་ མི་ཚུ་གིས་ དང་ཕུའི་ལམ་ལུགས་ཐོག་ལུ་ དབང་ཚད་བཟུང་སྡོད་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
གལ་སྲིད་ ཆུའི་བཅའ་ཁྲིམས་དེ་ ཚུལ་མཐུནམ་སྦེ་ ལག་ལེན་འཐབ་མ་ཚུགས་པ་ཅིན་ རྟ་མགྲིན་བུ་དར་དང་ ལབ་རྩ་ཁའི་མི་ཚུ་གིས་ ཆུ་འཐུང་མེད་པའི་དཀའ་ངལ་དེ་ སེལ་ཚུགས་པའི་གོ་སྐབས་ རྩ་ལས་མེདཔ་ཨིན་པའི་གནས་ཚུལ།
གནས་ཚུལ་འདི་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསྡུ་བཀོད་འབད་ཡོདཔ་ཨིན།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *