ལབ་ཙ་ཁའི་ ཆུ་མཛོད་༣ བརྡལ་བཏང་མི་ལུ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ རེ་ བཀལ་ཡོདཔ།

༉ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྟོད་པའི་རྒེད་འོག་ རི་ནག་ཁ་དང་ སིབ་ཏོ་ཁ་ དམ་ཕྱི་ ལུང་རྒྱས་ ཕྱག་མདའ་ནང་བཅས་གཡུས་ཚན་ལྔའི་ མི་སེར་༣༢ ལུ་ རྟ་ལོག་རྒེད་འོག་ ལབ་རྩ་ཁ་སྤྱི་འོག་གི་ མི་སེར་ཚུ་གི་དོན་ལུ་ འཐུང་ཆུའི་ཆུ་མཛོད་༣ བརྡལ་བཏང་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ རེ་ བཀལ་ཡོདཔ་ཨིན་པས།

དེ་མ་ཚད་ བྱ་ངན་ནང་ འབྲེལ་གཏོགས་ཡོད་མི་ཚུ་གིས་ ཆུ་མཛོད་རྐྱབ་པའི་སྐབས་ ཟད་འགྲོ་བཏང་མི་དང་ ལས་མིའི་གླ་ཆ་སྤྲོད་མི་ཚུ་རྩིས་རྐྱབ་སྟེ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།

ཆོས་སྒྲོན་དང་ རྣམ་རྒྱལ་ མཁའ་འགྲོ་དབང་མོ་ དཀོན་མཆོག་སྒྲོལ་མ་ ཀུན་བཟང་མོ་ བཙན་སྐྱོགས་དཔལ་མོ་ རྟ་མགྲིན་བུ་དར་ ལྷ་མོ་ ཀུན་བཟང་ཆོས་སྒྲོན་ དགེ་ཅུང་ གནག་མདོག་ སྲིད་ཐུབ་ ཀུན་བཟང་རྣམ་རྒྱལ་ ཚེས་བཅུམོ་ སངས་རྒྱས་དབང་མོ་ གྲགས་པ་ ཚེ་རིང་དཔལ་མོ་ པདྨ་ཆོས་སྒྲོན་ གླེ་མོ་ དབང་ཕྱུག་བཅས་ཁོང་༢༠ གིས་ སྤྱི་ལོ་༢༠༡༦ ཟླ་༡ པའི་ནང་ རྟ་ལོག་རྒེད་འོག་ ལབ་ཙ་ཁ་སྤྱི་འོག་གི་ འཐུང་ཆུ་བཏོན་ནིའི་དོན་ལུ་ ཆུ་མཛོད་བཟོ་ཡོད་མི་དེ་ ཆེད་དུ་དམིགས་ཐོག་ལས་ བརྡལ་བཏང་ཡོདཔ་ཨིན་པས།

ཁོང་ཆ་ཁྱབ་ལུ་ ཁྲིམས་འདུན་གྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༢༣ པའི་ ཀ་པ་ལྟར་ བཙོན་ཁྲིམས་ལོ་རེ་བཀལ་ཡོད་པའི་ཁར་ ཆུ་མཛོད་བཟོ་བའི་སྐབས་ དངུལ་ཀྲམ་༤༨༧,༣༥༠ གནས་ཡོད་མི་དེ་ཡང་ བྱ་ངན་ནང་ འབྲེལ་བ་ཡོད་མི་ཚུ་གིས་ བགོ་བཤའ་རྐྱབ་སྟེ་ དངུལ་ཀྲམ་༡༥,༧༢༡ རེ་ འཁྲུན་ཆོད་བཏོན་པའི་ ཉིནམ་༡༠ གྱི་ནང་འཁོད་ སོར་ཆུད་འབད་དགོ་ནི་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་སེར་ཚུ་ལུ་ ཉེས་ཕྲའི་ཉེས་ཁྲིམས་ དམའ་ཤོས་ལོ་༡ དང་ མཐོ་ཤོས་ལོ་༣ བཀལ་དགོ་པའི་ ཞུ་བ་འབད་ཡོད་རུང་ མི་སེར་ཚུ་གིས་ ཧེ་མ་ དེ་བཟུམ་འབད་བའི་ ཐོ་བཀོད་མེདཔ་ལས་ ལོ་༡ བཀལ་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་ བཙན་སྐྱོགས་ཚེ་རིང་དང་ རིག་འཛིན་ རྟ་མགྲིན་ རིན་ཆེན་རྣམ་རྒྱལ་ མཁའ་འགྲོ་ རིན་ཆེན་དབང་མོ་ ཟླ་བ་བཟང་མོ་ རྣམ་རྒྱལ་བཟང་མོ་ འཕྲིན་ལས་དང་ བསམ་གཏན་སྒྲོལ་མ་ཚུ་གིས་ བྱ་ངན་ནང་འབྲེལ་བ་འཐབ་མི་ཚུ་ལུ་ ཆུ་མཛོད་བརྡལ་བའི་སྐབས་ ཉེས་ཅན་ལྐོག་གྲོགས་ཀྱི་ ཉེས་ལས་འཐབ་ཡོདཔ་ལས་ ཁོང་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༣༩༧ པ་ལྟར་ ཉེས་ལས་ངོ་མ་འཐབ་མི་ཚུ་ལུ་ཕོག་པའི་ ཉེས་ཁྲིམས་ཀྱི་ཕྱེད་ཀ་འབདཝ་ད་ ཟླཝ་༦ ཕོག་མི་དེ་ཡང་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།

ཉེས་འཛུགས་ཅན་ཚུ་གིས་ འཐུང་ཆུ་བཏོན་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ རྒེད་འོག་དང་ རྫོང་ཁག་ནང་ཞུ་བ་འབད་ཡོད་རུང་ རྟ་ལོག་རྒེད་འོག་གིས་ ཐག་བཅད་དེ་འབད་མི་ལུ་ དབྱེ་ཞིབ་འབད་དགོཔ་སྦེ་ ཞུ་བ་འབད་མི་ལུ་ ཁྲིམས་འདུན་གྱིས་ གནད་དོན་དེ་ རྩོད་གཞི་དེ་དང་འབྲེལ་བ་མེདཔ་ལས་ དབྱེ་བཤེར་འབད་ཐབས་ མིན་འདུག་ཟེར་བཀོད་ནུག།

གཡུས་མི་རྒྱལ་མཚན་དང་ པདྨ་དོན་གྲུབ་ རྒྱལ་མོ་ སྨིན་གྲུ་བཟང་མོ་ པདྨ་ཚུ་གིས་ མི་སེར་སྤྱིར་བཏང་དང་གཅིག་ཁར་ ཆུའི་ཐོབ་ཁུངས་ཀྱི་ ཁེ་ཕན་ལུ་བལྟ་སྟེ་ དམངས་འཛོམས་འབད་བའི་སྐབས་ མིང་གསལ་ཐོ་བཀོད་འབད་ཡོདཔ་མ་གཏོགས་ བྱ་ངན་འབད་དེ་མེདཔ་ལས་ ཁོང་ལུ་ཉེས་འཛུགས་འབད་མི་ཚུ་ ངོས་ལེན་མ་འབདཝ་ཨིན་པས།

དམ་ཕྱི་སྤྱི་འོག་གི་ཚོགས་པ་ བཙན་སྐྱོགས་ཚེ་རིང་གིས་ མི་སེར་ཚུ་གིས་བྱ་ངན་འབད་ནིའི་སྐོར་ལས་ འཛོམས་འདུ་འཚོགས་པའི་སྐབས་ ཁོ་ར་ གཡུས་ཁའི་ཚོགས་པ་ཅིག་འབད་ནི་དེ་གིས་ མི་སེར་ཤོ་མཚུངས་དང་གཅིག་ཁར་ མིང་རྟགས་བཀོད་ཡོདཔ་མ་གཏོགས་ བྱ་ངན་འབད་དེ་མེད་ཟེར་ཞུ་ཡོད་རུང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ནང་ གལ་སྲིད་རྩོད་ཟླ་ཞིག་གིས་ གཅིག་གམ་ དེ་ལས་མང་བའི་ མི་གཞན་དང་ལྷན་གཅིག་ ཉེས་ལས་ལུ་བརྟེན་པའི་བྱ་སྤྱོད་འཐབ་ནིའི་ནང་ གཏོགས་པ་ཡིན་ཚེ་ རྩོད་ཟླ་དེ་ ཉེས་ཅན་ལྐོག་གྲོས་ཐོག་ལས་ཉེས་ལས་འཐབ་པའི་ གནོད་འགེལ་ཡིན་པར་བརྩི་དགོ་ཟེར་ཡོདཔ་ལས་ ཚོགས་པ་ལུ་ཡང་ ཉེས་ཁྲིམས་བཀལ་ཡོདཔ་ད་ མ་དངུལ་སོར་ཆུད་ཡང་འབད་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

དེ་བཟུམ་སྦེ་ རིན་ཆེན་དབང་མོ་དང་ ཟླ་བ་བཟང་མོ་ རྣམ་རྒྱལ་བཟང་མོ་དང་འཕྲིན་ལས་ དེ་ལས་ བསམ་གཏན་སྒྲོལ་མ་ཚུ་གིས་ཡང་ མི་སེར་ཚུ་གིས་ ཆུ་མཛོད་མེདཔ་བཏང་པར་འགྱོ་བའི་སྐབས་ ཁོང་༥ པོ་གིས་ མི་སེར་གཞན་ཚུ་གིས་འབད་མི་ལུ་ མ་བཏུབ་མེད་ཟེར་ ཉེས་ཆད་དངུལ་ཀྲམ་༣༠༠ རེ་སྤྲོད་དེ་ ལམ་ཕྱེད་ཀ་ཚུན་འགྱོ་ཡོདཔ་ལས་ ཁོང་ཚུ་ཡང་ ཉེས་ཅན་ལྐོག་གྲོགས་ཀྱི་ ཉེས་འཛུགས་ཕོག་ཡོདཔ་ད་ མ་དངུལ་ཡང་ སོར་ཆུད་འབད་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

དེ་ལས་ རིག་འཛིན་དང་དཔའ་སྐྱིད་ རྟ་མགྲིན་རྡོ་རྗེ་ རིན་ཆེན་རྣམ་རྒྱལ་ མཁའ་འགྲོ་ དེ་ལས་ ཀུན་བཟང་ཚུ་གིས་ མི་ངོམ་༢༠ གིས་ བྱ་ངན་འབད་བར་འགྱོ་བའི་སྐབས་ གཅིག་ཁར་མ་འགྱོ་རུང་ ཁོང་༦ གིས་ཡང་ ཁོང་གི་ཞིང་ཆུ་ལུ་ དཀའ་ངལ་ཡོདཔ་ལས་ ཤུལ་ལས་ འཐུང་ཆུའི་ཅ་ཆས་ཚུ་ མེདཔ་བཏང་ཚར་བའི་ཤུལ་ལས་ བྱ་སྟབས་མ་བདེཝ་འཐོན་པ་ཅིན་ བློ་སླབ་ནིའི་ འགན་ཁག་འབག་ཡོདཔ་ལས་བརྟེན་ ཉེས་ཅན་ལྐོག་གྲོགས་ཀྱི་ཉེས་འཛུགས་བཀལ་ཡོདཔ་ད་ མ་དངུལ་ཡང་ སོར་ཆུད་འབད་དགོ་ནི་ཨིན་རུང་ དཔའ་སྐྱིད་དེ་ ཚེ་ལས་འདས་སོང་ཡོདཔ་ལས་ ཉེས་ཁྲིམས་བཀལ་ཐབས་མེདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆུ་མཛོད་༣ གྱི་དོན་ལུ་ དངུལ་ཀྲམ་༢༧༠,༠༠༠ དང་ ལས་མི་༦༨ ཀྱིས་ ཉིནམ་༡༢༤༣ གྱི་རིང་ ཉིན་བསྟར་གླ་དངུལ་ཀྲམ་༣༥༠ རེ་སྤྲོད་དེ་ ལཱ་འབད་མིའི་ཉིན་གྲངས་ཡོངས་བསྡོམས་ལས་ ཕྱེད་ཀ་གི་རྩིས་རྐྱབ་སྟེ་ དངུལ་ཀྲམ་༢༡༧,༣༥༠ ཡང་ ལོག་སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ནུག།

ཉེས་འཛུགས་ཅན་ཚུ་གིས་ བྱ་ངན་དེ་ གནོད་སེམས་ཀྱི་ཐོག་ལས་མེན་པར་ ལབ་རྩ་ཁ་སྤྱི་འོག་གི་མི་ཚུ་གིས་ ཉན་མ་བཏུབ་པར་འབད་ནི་དེ་གིས་ དམངས་འཛོམས་རྐྱབ་སྟེ་ མི་ངོམ་༢༠ གིས་ བརྡལ་ནིའི་ཁས་བླངས་འབད་དེ་ བརྡལ་ཡོད་མི་དེ་ བདེན་ཟེར་ཞུ་ཡོདཔ་ཨིན་པས།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༥ ཟླ་༡ པའི་ཚེས་༢༨ ལུ་ ལབ་ཙ་ཁ་སྤྱི་འོག་གི་དོན་ལུ་ ཆུ་ཟམ་དང་འབྱུང་ཆུ་ཁག་༣ བསྡོམས་ཏེ་ འཐུང་ཆུ་བཏོན་ཆོག་པའི་གནང་བ་གྲོལ་མི་དེ་ལུ་ ཉེས་འཛུགས་ཅན་ཚུ་གིས་ བརྟག་ཤིང་མ་དཔྱད་པར་ ལམ་བདའ་ཡོད་མི་ ཆུ་དུང་ཚུ་ཡང་ བརྫམས་བཏང་ནུག་ཟེར་ ཉེས་འཛུགས་འབད་ནུག།

ཉེས་འཛུགས་ཅན་ཚུ་གིས་ ཆུ་རྐ་དེ་ལས་ བཏོན་བཅུག་པ་ཅིན་ ཁོང་གི་ཞིང་ཆུ་ལུ་ དཀའ་ངལ་ཡོདཔ་ལས་བརྟེན་ དམངས་འཛོམས་རྐྱབ་ཡོདཔ་མ་གཏོགས་ འབངས་ཀྱི་བདེ་སྐྱིད་ལུ་ གནོད་པའི་བྱ་སྤྱོད་འབད་དེ་མེད་ཟེར་ ཞུ་བའི་ཁར་ སོར་ཆུད་མ་དངུལ་ཚུ་ཡང་ ཁོ་གིས་བྱིན་མི་ཚུགས་ཟེར་ ཁྲིམས་འདུན་ལུ་ཞུ་ནུག།

དེ་ལས་ ཉེས་འཛུགས་ཅན་ཚུ་གིས་ ཆུ་མཛོད་ཆེ་བ་ཅིག་ལས་ མ་བརྡལ་ཟེར་ཞུ་ཡོད་རུང་ སྤྱི་ལོ་༢༠༡༨ ཟླ་༢ པའི་ཚེས་༦ ལུ་ ཞིབ་དཔྱད་འབད་བའི་སྐབས་ ཆུ་དེ་ སྟར་གོ་ལུང་པའི་ཁ་ཐུག་བསྒྱུར་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *